ཀྲུང་གོའི་ཞཱང་ཐཱན་སློབ་ཆེན་དང་ཝུའུ་ཀན་ཏའི་མའེ་ཁི་ལའེ་ལའེ་སློབ་ཆེན་གཉིས་ཀྱིས་མཉམ་འབྲེལ་སྒོས་ཀྲུང་གོ་དང་ཧྥེ་གླིང་གི་རིག་གནས་བརྗེ་རེས་དང་ཕན་ཚུན་མྱོང་རེས་བྱེད་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་དེ་ཉེ་སྔོན་ཝུའུ་ཀན་ཏའི་རྒྱལ་ས་ཁན་ཕཱ་ལཱ་ནས་བསྡུས་པ་དང་། ཀྲུང་གོ་དང་ཝུའུ་ཀན་ཏའི་མཁས་པས་སྐད་བརྡ་དང་སློབ་གསོ། རྩོམ་རིག་ཞིབ་འཇུག ལོ་རྒྱུས་རིག་གནས་སོགས་ཁྱབ་ཁོངས་ཁྲོད་ཀྲུང་གོ་དང་ཧྥེ་གླིང་བར་མཉམ་ལས་བྱེད་པའི་ད་ལྟའི་གནས་བབ་དང་འཕེལ་རྒྱས་ཐད་མཉམ་དུ་བགྲོ་གླེང་བྱས།
ཝུའུ་ཀན་ཏ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲང་ལིས་ཀྲུང་གིས་མགོ་རྩོམ་མཛད་སྒོའི་སྟེང་བསྟན་དོན། ཀྲུང་གོ་དང་ཝུའུ་ཀན་ཏའི་སློབ་གསོ་རིག་གནས་དང་། སྨན་བཅོས་འཕྲོད་བསྟེན། ནུས་པ་གསོ་སྦྱོང་། ཡུལ་སྐོར་སོགས་མི་གཞུང་བརྗེ་རེས་ཁྱབ་ཁོངས་ཐད་ནས་མཉམ་ལས་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད། ཁོས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཝུའུ་ཀན་ཏའི་ཕྱོགས་དང་མཉམ་དུ་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། དཔལ་ཡོན་བརྗེ་རེས་དང་ཕན་ཚུན་མྱོང་རེས་ཟབ་མོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དམངས་སེམས་གཅིག་ཏུ་སྦྲེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
མའེ་ཁི་ལའེ་ལའེ་སློབ་ཆེན་དེ་ཁན་ཕཱ་ལཱ་རུ་ཆགས་ཡོད་ལ། 1992ལོར་འཛུགས་སྐྲུན་བྱེད་མགོ་བརྩམ་ཞིང་། ཧྥེ་གླིང་གི་དབྱིན་ཡིག་སློབ་ཆེན་ཆེས་རྙིང་བའི་གྲས་ཡིན། མའེ་ཁི་ལའེ་ལའེ་སློབ་ཆེན་གྱི་ཁུང་ཙིའི་སློབ་གླིང་ནི2014ལོར་བཙུགས་པ་དང་། དེ་ཞཱང་ཐཱན་སློབ་ཆེན་དང་མའེ་ཁི་ལའེ་ལའེ་སློབ་ཆེན་གཉིས་ཀྱི་མཉམ་དུ་བསྐྲུན་པ་རེད།
མགོ་རྩོམ་མཛད་སྒོའི་སྟེང་། མའེ་ཁི་ལའེ་ལའེ་སློབ་ཆེན་གྱི་སློབ་གཙོའི་འཐུས་ཚབ་པ་མའོ་ཁཱ་ཏཱ་ཞིས་ཡིས་བསྟན་དོན། མའེ་ཁི་ལའེ་ལའེ་སློབ་ཆེན་གྱི་ཁུང་ཙིའི་སློབ་གླིང་གིས་ཀྲུང་གོའི་སྐད་བརྡ་རིག་གནས་ཁྱབ་གདལ་གཏོང་བ་དང་། ཀྲུང་གོ་དང་ཝུའུ་ཀན་ཏའི་དམངས་སེམས་གཅིག་ཏུ་སྦྲེལ་བར་སྐུལ་འདེད་གཏོང་བའི་སྦྲེལ་ཟམ་བསྐྲུན་ཡོད། ཞཱང་ཐཱན་སློབ་ཆེན་གྱི་སློབ་གཙོ་ཕཱན་པུས་ལིན་གྱིས་བརྙན་རིས་ལམ་ནས་ཤིས་ཚིག་འབུལ་སྐབས་བསྟན་དོན། ཕྱོགས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། ཀྲུང་གོ་དང་ཧྥེ་གླིང་གིས་དབུལ་བོ་ཇེ་ཉུང་དུ་གཏོང་བ་དང་། ཁོར་ཡུག་སྲུང་སྐྱོབ། དཔལ་ཡོན་གྱི་སྣ་མང་རང་བཞིན་སོགས་གྲོས་གཞི་རབ་དང་རིམ་པའི་སྟེང་མཉམ་ལས་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་ཡིད་ཆེས་ཡོད་ཟེར།
བགྲོ་གླེང་ཚོགས་འདུའི་སྟེང་། ནན་ཅིན་སློབ་ཆེན་ཕྱི་སྐད་སློབ་གླིང་གི་དགེ་རྒན་ཆེན་མོ་དབྱང་ཅིན་ཚའེ་ཡིས་ཁ་བྱང་ལ་ཧྥེ་གླིང་གི་རྩོམ་རིག་ཀྲུང་གོ་ནའང་ཡོད་ཅེས་པའི་བརྗོད་དོན་སྙན་ཞུ་ཕུལ། ཧྲང་ཧེ་དགེ་ཐོན་སློབ་ཆེན་གྱི་ཕྱི་རྒྱལ་རྩོམ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཀྲུའུ་ཀྲིན་ཝུའུ་ཡིས་ཧྥེ་གླིང་རྩོམ་རིག་ཞིབ་འཇུག་དཔེ་ཚོགས་དེབ་བཅུ་ཅན་དེ་མའེ་ཁི་ལའེ་ལའེ་སློབ་ཆེན་ལ་གནངས་པ་རེད།
ཐེངས་འདིའི་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་ནི་མའེ་ཁི་ལའེ་ལའེ་སློབ་ཆེན་གྱི་ཁུང་ཙིའི་སློབ་གླིང་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་མུ་འབྲེལ་བྱ་འགུལ་གྲས་ཀྱི་གཅིག་ཡིན་ཞིང་། ཆེད་ལས་མཁས་པ་ཉིས་བརྒྱར་ཉེ་བ་དང་། དེ་མིན་ས་གནས་དེ་གའི་དགེ་རྒན་དང་སློབ་མ་རྣམས་བྱ་འགུལ་ལ་ཞུགས་པ་རེད།
ལྷ་མོ་འཚོས་བསྒྱུར།