ཚེས16ཉིན། ཁ་ཐར་དང་ཨ་རི། ཨེ་ཅིབ་བཅས་རྒྱལ་ཁབ་གསུམ་གྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། ཁ་ཐར་གྱི་རྒྱལ་ས་ཏོ་ཧ་རུ་བསྡུས་པའི་རེས་སྐོར་གསར་པའི་ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་ལ་དགེ་མཚན་ལྡན་པའི་་རྣམ་པ་བཟང་པོ་ཆགས་ཡོད།
རེས་སྐོར་གསར་པའི་ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་ཚེས15ཉིན་ཏོ་ཧ་རུ་བསྡུས་པ་དང་། གྲོས་ཞུགས་མི་སྣའི་ཁྲོད་དུ་དབྱི་སི་རལ་དང་། ཁ་ཐར། ཨ་རི། ཨེ་ཅིབ་བཅས་ཀྱི་དཔོན་རིགས་ཡོད་པ་རེད། ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཕྱོགས་ཀྱིས་འཐུས་མི་ཚོགས་འདུར་མངགས་མེད་མོད། འོན་ཀྱང་འདུམ་སྒྲིག་ཕྱོགས་ཀྱིས“སྐད་སྐུར”བ་བརྒྱུད་དེ་གྲོས་མོལ་ནང་ཞུགས་ཡོད་པ་རེད།
མཉམ་འབྲེལ་གསལ་བསྒྲགས་ལས་བཤད་རྒྱུར། ཁ་ཐར་དང་། ཨ་རི། ཨེ་ཅིབ་བཅས་ཀྱིས་ཧ་མ་སི་དང་དབྱི་སི་རལ་ལ“སྦྲེལ་ཟམ་ལྟ་བུའི་གྲོས་གཞི”ཕུལ་བ་དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང2735པའི་རྩ་དོན་དང་གཅིག་མཐུན་རེད། ཕྱོགས་སོ་སོའི་བྱ་བའི་ཚན་ཆུང་གིས་མ་འོངས་པའི་ཉིན་ཤས་ནང་ལག་རྩལ་རང་བཞིན་གྱི་བྱ་བ་མུ་མཐུད་དུ་སྤེལ་ནས་གྲོས་མཐུན་དོན་འཁྱོལ་གྱི་ཞིབ་ཕྲའི་ཐད་གྲོས་མོལ་བྱེད་རྒྱུ་རེད། རྒྱལ་ཁབ་གསུམ་གྱི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་གཟའ་འཁོར་རྗེས་མའི་གཟའ་མཇུག་གི་སྔོན་དུ་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་དེའི་དམིགས་ཡུལ་ནི་མཇུག་མཐར་གྲོས་མཐུན་གཏན་འཁེལ་བྱ་རྒྱུ་དེ་རེད།
ཚེས16ཉིན། ཧ་མ་སིའི་གསར་འགྱུར་མི་སྣ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཏོ་ཧ་རུ་བསྡུས་པའི་རེས་སྐོར་གསར་པའི་ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་བྱས་པའི་མཇུག་འབྲས་དེ། ཟླ7པར་ཧ་མ་སིར་འབྱོར་བའི་ཨ་རིའི་ཙུང་ཐུང་པའེ་ཏིན་གྱིས་བཏོན་པའི་གྲོས་གཞི་དེ་རྨང་གཞིར་བྱས་པའི་ཇུས་གཞི་དང་གཅིག་མཚུངས་མིན། ཅ་ཧྲ་ས་ཁུལ་དུ་ཁྱོན་ཡོངས་ནས་དམག་འཁྲུག་མཚམས་འཇོག་རྒྱུ་དང་། ཡུལ་གྱར་བ་ཕྱིར་ཁྱིམ་དུ་ལོག་ཆོག་པ། ཅ་ཧྲ་ས་ཁུལ་བསྐྱར་འཛུགས་དང་བཀག་ཉར་བྱས་ཡོད་པའི་མི་སྣ་བརྗེ་རེས་བྱེད་པ་སོགས་ཀྱི་གྲོས་མཐུན་གང་ཞིག་ཡིན་རུང་ཚང་མ་ཕན་ཐོགས་མེད་པ་ཞིག་རེད།“དབྱི་སི་རལ་ལ་ཕ་ལེ་སི་ཐན་མི་དམངས་ལ་ནག་ཉེས་གསོག་པའི་དུས་ཚོད་སྔར་ལས་མང་པོ་སྤྲད་པ་ལས་གཞན་མེད”ཟེར།
ཚེས16ཉིན་གྱི་དགོང་མོ་དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་གསལ་བསྒྲགས་སྤེལ་ནས། ཨ་རི་སོགས་འདུམ་སྒྲིག་ཕྱོགས་ཀྱིས་ཧ་མ་སིས་བཀག་ཉར་བྱས་པའི་མི་སྣ་གློད་བཀྲོལ་བཏང་བའི་འབྲེལ་ཡོད་གྲོས་མཐུན་དང་ལེན་བྱེད་པར་གོ་སྐོན་བློ་འགུག་བྱེད་ཆེད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། འདུམ་སྒྲིག་ཕྱོགས་ཀྱིས་ཧ་མ་སིས་ཟླ5པར་ཁྱབ་བསྒྲགས་བྱས་པའི་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱེད་དུ་བཅུག་ནས། གྲོས་མཐུན་གྱི་ནང་དོན་ཞིབ་ཕྲ་ལག་བསྟར་བྱེད་པར་སྟབས་བདེ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཟེར།
པའེ་ཏིན་གྱིས་ཟླ5བའི་ཚེས31ཉིན། ཅ་ཧྲ་ས་ཁུལ་དུ་ཡུན་རིང་བོར་དམག་འཁྲུག་མཚམས་འཇོག་རྒྱུ་དང་བཀག་ཉར་བྱས་པའི་མི་སྣ་གློད་བཀྲོལ་གཏོང་བར་འགན་ལེན་བྱེད་པ་དམིགས་ཡུལ་ཡིན་པའི་གྲོས་གཞི་གསར་པ་ཞིག་ཁྱབ་བསྒྲགས་བྱས། གྲོས་གཞི་དེ་ནི་ཨ་རི་དང་དབྱི་སི་རལ། ཁ་ཐར། ཨེ་ཅིབ། དབུས་ཤར་རྒྱལ་ཁབ་གཞན་དག་བཅས་ཀྱི་བར་དུ་ཕྱི་འབྲེལ་གྲོས་མོལ་ཐེངས་མང་བྱས་པའི་ཐོན་དངོས་ཤིག་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།