མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་ཅ་ཧྲ་ས་ཁུལ་དུ་མི་ཁྲི་བཞི་ལས་བརྒལ་བ་རྐྱེན་ལམ་དུ་ཤོར་བ་ནི་གདུག་རྩུབ་ཆེ་བའི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་རེད་ཟེར།
2024.08.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་གཉིས་ཀྱིས་ཚེས15ཉིན་བཤད་རྒྱུར། ཅ་ཧྲ་ས་ཁུལ་ནས་མི་ཁྲི་བཞི་ལས་བརྒལ་བ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་མང་ཆེ་བ་བུད་མེད་དང་བྱིས་པ་ཡིན་པས། འདི་ནི་གདུག་རྩུབ་ཆེ་བའི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་རེད་ཟེར།

ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས15ཉིན་བཤད་རྒྱུར། ན་ནིང་གི་ཟླ10པར་ཕ་ལེ་སི་ཐན་དང་དབྱི་རལ་སི་བར་འགལ་ཟླ་གསར་བ་བྱུང་བའི་ཚུན་དུ། དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་མི་ཁྲི་བཞི་ལས་བརྒལ་བ་རྐྱེན་ལམ་དུ་ཤོར། དེར་བརྟེན། ཚེས15ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་དབང་ལས་དོན་གྱི་མཐོ་རིམ་ཆེད་ལས་མི་སྣའི་ལས་དོན་ཁྲུའུ་ཡིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དེ་རིང་གི་ཉིན་མོ་འདི་འཛམ་གླིང་ལ་མཚོན་ནས་བཤད་ན་གདུག་རྩུབ་ཆེ་བའི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་རེད། བསམ་ཡུལ་ལས་འདས་པའི་གནས་བབ་འདི་ལྟ་བུ་ནི་གཙོ་བོ་དབྱི་སི་རལ་རྒྱལ་སྲུང་དམག་གིས་འཐབ་འཁྲུག་གི་སྒྲིག་སྲོལ་ཡང་དང་བསྐྱར་དུ་བརྩི་སྲུང་མ་བྱས་པ་ལས་བྱུང་བ་རེད་ཟེར།

གསལ་བསྒྲགས་ལས་བསྟ་དོན། འདས་པའི་ཟླ་ངོ་བཅུའི་ནང་། ཅ་ཧྲ་ས་ཁུལ་དུ་ཆ་སྙོམ་ཉིན་རེར་མི130རྐྱེན་ལམ་དུ་ཤོར་བཞིན་ཡོད། དབྱི་སི་རལ་གྱི་དམག་དཔུང་གིས་ས་དེའི་སྡོད་ཁང་དང་། སྨན་ཁང་། སློབ་གྲྭ་སོགས་སུ་གཞི་རྒྱ་ཆེ་ཞིང་མི་སེམས་དཀྲུགས་པའི་གཏོར་བརླགས་གཏོང་བཞིན་ཡོད་པས། འབྲེལ་ཡོད་ཕྱོགས་སོ་སོས་མཚོན་ཆ་བསྐྱུར་ནས་དམར་གསོད་མཚམས་འཇོག་པར་སྐུལ་མ་གཏོང་དགོས། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་མངའ་ཁུངས་བཙན་བཟུང་བྱེད་པ་ངེས་པར་དུ་མཇུག་སྒྲིལ་ནས། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ངེས་པར་དུ་མངོན་འགྱུར་བྱེད་དགོས་ཟེར།

ཚེས15ཉིན་མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་སྙན་ཞུ་གསར་པའི་ཁྲོད་བཤད་རྒྱུར། ཅ་ཧྲ་ས་ཁུལ་གྱི་འདས་པོའི་ཁ་གྲངས་མི་ཁྲི་བཞི་ལས་བརྒལ་བ་ནི་སྡིག་རྩུབ་ཀྱི་ལམ་ཚད་རྡོ་རིང་ཞིག་རེད། ཅ་ཧྲ་ས་ཁུལ་གྱི་མི་དམངས་ཀྱི་ཉིན་རེར་འཆི་བ་དང་སྡུག་བསྔལ། ལྟོགས་སྐོམ་བཅས་ཀྱི་མནར་གཅོད་མྱོང་བཞིན་ཡོད་ལ། རྒྱུན་མཐུད་ཀྱི་དགྲར་འཛིན་འགུལ་སྐྱོད་དང་དམག་དཔུང་ཕྱིར་འཐེན་གྱི་བཀའ་བསྐྱར་མར་ཕབ་པ་ལས་མཚམས་ཆད་རྒྱུ་མེད་པའི་ཡུལ་གྱར་བ་བྱུང་བས། མང་ཚོགས་ལ་དགོས་ངེས་ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཐོབ་པར་སྔར་ལས་ལྷག་པའི་དཀའ་ཁག་བཟོས་ཡོད་ཟེར།

སྙན་ཞུའི་ནང་བཤད་རྒྱུར། ལས་ཁུངས་དེས་མངག་གཏོང་བྱས་པའི་དཔུང་ཁག་ཉིན་དེར་ཅ་ཧྲ་ས་ཁུལ་གྱི་ལྷོ་ཕྱོགས་གྲོང་ཁྱེར་ཧན་ཡུའུ་ཉི་སི་རུ་ཐོན་རྗེས་བཤད་རྒྱུར། ད་གནས་དེའི་མང་ཚོགས་མང་པོ་ཟས་རིགས་དཀོན་པ་དང་དངོས་གོང་མཐོ་བ། འཕྲོད་བསྟེན་དངོས་རྫས་ཀྱིས་མི་འདང་བ་སོགས་ཀྱི་དཀའ་ཁག་ལ་འཕྲད་ཡོད་པར་མ་ཟད། མི་མང་པོར་པགས་ནད་བྱུང་བ་དང་བྱིས་པའི་གནས་ཚུལ་ཚབས་ཆེན་རེད་ཟེར། དེ་ལས་གཞན། མང་ཚོགས་ཀྱིས་རས་དང་ཤིང་ལེབ། ཤོག་བུ་སོགས་ལ་བརྟེན་ནས་ཐབས་ཆག་གིས་འདུག་ཐབས་བྱེད་བཞིན་ཡོད་པས། བྱི་བ་དང་འབུས་གནོད་འཚེ་ཕོག་སླ་བར་མ་ཟད། རྒྱུད་ཆད་མེད་པའི་ཕྱིར་འཐེན་གྱི་ཉེན་ཁར་འཕྲད་པས་འདུག་སའི་གནས་མེད་པའི་ཉེན་ཁར་ལྷུང་ཡོད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།