ཀྲུང་གོ་དང་ལའོ་ཝའོ། འབར་མ། ཐེ་གོ་བཅས་ཀྱི་ཕྱི་འབྲེལ་དཔོན་གྱིས་དངོས་གཞི་མིན་པའི་གྲོས་མོལ་བྱས།
2024.08.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ས་གནས་དེའི་དུས་ཚོད2024ལོའི་ཟླ8པའི་ཚེས16ཉིན། ཀྲུང་གོ་དང་། ལའོ་ཝའོ། འབར་མ། ཐེ་གོ་བཅས་ཕྱོགས་བཞིའི་ཕྱི་འབྲེལ་དཔོན་གྱི་ཐེ་གོའི་ཆིན་མཱའེ་རུ་དངོས་གཞི་མིན་པའི་གྲོས་མོལ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་དང་། ལའོ་ཝའོ་ཡི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་དཔོན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཧྲ་ལུན་སའེ། འབར་མའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་དཔོན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཏན་སུའེ། ཐེ་གོའི་ཕྱི་འབྲེལ་པུའུ་ཀྲང་ཨེ་སེ་ལིས་བཅས་གྲོས་མོལ་ལ་ཞུགས།

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་དང་ལའོ་ཝའོ། འབར་མ། ཐེ་གོ་བཅས་ནི་ཁྱིམ་མཚེས་དང་འདྲ་སྟེ། གྲུ་གཅིག་ལ་མཉམ་འདུག་དང་གཙང་བོ་གཅིག་མཉམ་འཐུང་བྱས་ཡོད། ང་ཚོའི་བར་དུ་རྒྱུན་རིང་བའི་མཐའ་མཚམས་ཐིག་དང་རྒྱུན་རིང་བའི་འགྲོ་འོང་ལོ་རྒྱུས་ཡོད་པས། རྒྱལ་ཁབ་གཞན་དང་བསྡུར་ན་འབར་མའི་དམིགས་བསལ་གྱི་རྒྱལ་ཁབ་གནས་ཚུལ་རྒྱུས་ལོན་བྱེད་ཐུབ་ཅིང་། གཞན་ལས་ལྷག་པར་འབར་མ་ལ་རོགས་རམ་འདོན་སྤྲོད་བྱེད་པའི་ནུས་པ་དང་རེ་འདོད་ཡོད། འབར་མའི་ཁྱིམ་མཚེས་ལས་ལྷག་པའི་འབར་མའི་བརྟན་འཇགས་དང་འཕེལ་རྒྱས་སླར་གསོ་བྱེད་པར་རེ་བ་བཅངས་ཡོད་པ་ཞིག་མེད། ང་ཚོས་ལྷག་བསམ་རྣམ་དག་གིས། འབར་མ་ལ་རོགས་འདེགས་བྱས་ཏེ། གནས་བབ་ཞི་ལྷོད་དུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། མིག་སྔར་འབར་མའི་གནས་བབ་སྔར་བཞིན་སེམས་ཁུར་གྱི་གནས་སུ་ལྷུང་ཡོད་པས། འབར་མའི་གནད་དོན་སྟེང་ཚད་མཐའ་གསུམ་བརྟན་སྲུང་བྱེད་དགོས་ཏེ། འབར་མས་ནང་འཁྲུག་བྱེད་མི་རུང་བ་དང་། ཤར་ཕྱོགས་མནའ་འབྲེལ་གྱི་ཁྱིམ་གཞི་ཆེན་མོར་ཁ་འབྲལ་མི་རུང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་གང་འདོད་ཐེ་གཏོགས་བྱེད་པ་ཁས་ལེན་བྱེད་མི་རུང་།

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོའི་འབར་མའི་ཐད་ཀྱི་སྲིད་ཇུས་བཟང་པོ་དེ་འབར་མའི་མི་དམངས་ཡོངས་ལ་ཕྱོགས་པ་ཞིག་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་ངེས་ཡིན་ལ། འབར་མས་རང་གི་བདག་དབང་དང་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། འབར་མས་ཁ་བརྡ་གྲོས་མོལ་བྱས་པ་བརྒྱུད་དེ་རྒྱལ་ནང་ཞི་ལྷོད་མངོན་འགྱུར་འབྱུང་བར་རྒྱབ་སྐྱོར་བྱེད་ཅིང་། འབར་མས་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་ཞིག་རྙེད་པར་རྒྱབ་སྐྱོར་བྱེད་ངེས་ཡིན།

ཝང་དབྱི་ཡིས་འདིའི་ཐད་ནས་གྲོས་གཞི་འགའ་བཏོན་པ་སྟེ། གཅིག་ནི་འབར་མས་ཁྲིམས་མཐུན་གོ་རིམ་ལྡན་པར་རྒྱལ་ནང་ཞི་བས་གློད་གྲོལ་གཏོང་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་མཉམ་དུ་རྒྱབ་སྐྱོར་བྱེད་དགོས། འབར་མས་བཏོན་པའི་ལམ་ཐིག་གནས་ལྔ་དཔེ་གཞི་གསུམ་པས་དམིགས་འབེན་འདི་མངོན་འགྱུར་བྱེད་པར་རོགས་བྱེད་ཐུབ་རྐྱེན། དེར་རྒྱུས་ལོན་དང་བརྩི་འཇོག་བྱེད་འོས་ཤིང་། དུས་མཉམ་དུ་ལམ་ཐིག་གནས་ལྔའི་དཔེ་གཞི་གསར་པ་དང་ཤར་ཕྱོགས་མནའ་འབྲེལ་གྱི་ཐུན་མོང་ངོས་ཤེས་ལྔའི་མཐུན་པའི་ཆ་འཚོལ་ཞིབ་བྱེད་པ་དང་། ཕན་ཚུན་སྐུལ་འདེད་བཏང་ནས་མཉམ་ཤུགས་གྲུབ་པར་བྱེད་དགོས། གཉིས་ནི་འབར་མའི་མི་དམངས་ཀྱི་མིག་སྔར་གྱི་དཀའ་ཁག་སེལ་ཐུབ་པར་མཉམ་དུ་རྒྱབ་སྐྱོར་བྱེད་དགོས། ཕྱོགས་སོ་སོས་འབར་མར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་འདོན་སྤྲོད་བྱེད་པར་དགའ་བསུ་ཞུ་བ་དང་། རོགས་སྐྱོར་གང་ཞིག་ཡིན་ཀྱང་འབར་མའི་སྲིད་གཞུང་དང་མི་དམངས་ཀྱི་རེ་འདོད་ལ་བརྩི་འཇོག་བྱེད་དགོས་ཤིང་། དོན་ངོ་མར་དམངས་ཚིས་འགན་སྲུང་ཀྱི་ཐད་བཀོལ་བ་ལས། ངོ་རྒོལ་དང་འགལ་ཟླའི་ཕྱོགས་སུ་བཀོལ་མི་ཆོག  འབར་མའི་ཐད་ཀྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་འབར་མས་རང་སྟེང་གི་ནུས་པ་ཤུགས་དྲག་ཏུ་གཏོང་བར་རོགས་རམ་བྱས་ནས། འགལ་བ་སྔོན་འགོག་བྱེད་པར་དཔལ་འབྱོར་སྤྱི་ཚོགས་ཀྱི་ཆ་རྐྱེན་ལེགས་པོ་ཞིག་བསྐྲུན་དགོས། གསུམ་ནི་ཤར་ཕྱོགས་མནའ་འབྲེལ་རྣམ་པས་འབར་མའི་གནད་དོན་ཐག་གཅོད་གང་ལེགས་བྱེད་པར་མཉམ་དུ་རྒྱབ་སྐྱོར་བྱེད་དགོས། ཤར་ཕྱོགས་མནའ་འབྲེལ་གྱིས་མཐུན་སྒྲིལ་སྲུང་འཛིན་བྱེད་པར་རྒྱབ་སྐྱོར་དང་ཤར་ཕྱོགས་མནའ་འབྲེལ་གྱི་ལྟེ་བའི་གོ་གནས་ལ་རྒྱབ་སྐྱོར་བྱས་ནས། ཡུལ་ཁོངས་གཞན་པའི་སྟོབས་ཤུགས་ཀྱིས་རྙོག་དྲ་བཟོ་བ་དང་འགལ་བ་ཛ་དྲག་ཏུ་གཏོང་བར་དོགས་ཟོན་བྱེད་དགོས།

འབར་མ་ཕྱོགས་ཀྱིས་མིག་སྔར་གྱི་གནས་བབ་དང་འབར་མའི་སྲིད་གཞུང་གིས་རྒྱལ་ནང་གི་བརྟན་འཇགས་ལ་འབད་བརྩོན་བྱས་པ་སོགས་མཚམས་སྦྱོར་བྱས་ཤིང་། ཕྱོགས་གསུམ་གྱིས་ཁྱིམ་མཚེས་བཟང་པོ་ཡིན་པའི་ཆ་ནས། འབར་མ་དཀའ་ཁག་ལ་འཕྲད་དུས་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས། དངོས་གཞི་མིན་པའི་གྲོས་མོལ་ལ་བརྟེན་ནས། མཉམ་ལས་ལ་ཤུགས་སྣོན་དང་རྒྱུས་ལོན་གཏིང་ཟབ་ཏུ་བཏང་སྟེ། སྔ་མོ་ནས་རྒྱལ་ནང་གི་བརྟན་འཇགས་སླར་གསོ་བྱེད་པ་དང་ཆབ་སྲིད་འདུམ་སྒྲིག་མངོན་འགྱུར་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཐེ་གོ་ཕྱོགས་ཀྱི་བསྟན་དོན། འབར་མས་ཞི་བདེ་དང་གཅིག་གྱུར། བརྟན་འཇགས་བཅས་སྲུང་འཛིན་ཐུབ་པ་མཐོང་འདོད་ཡོད་ལ། འབར་མས་རང་གི་བྱེད་ཐབས་སྤྱད་དེ་ནང་ཁུལ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པར་བརྩི་འཇོག་བྱེད་རྒྱུ་ཡིན། ཕྱོགས་སོ་སོ་དང་མཐུན་སྦྱོར་སྲུང་འཛིན་བྱས་ཏེ། རང་ནུས་ཡོད་ཚད་ཀྱིས་འབར་མར་རོགས་རམ་འདོན་སྤྲོད་བྱེད་པ་དང་། འོས་འཚམ་གྱི་ཐག་གཅོད་ཇུས་གཞི་ཞིག་རྙེད་པར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར།

ལའོ་ཝའོ་ཕྱོགས་ཀྱིས་བསྟན་དོན། རྒྱལ་ཁབ་བཞི་པོར་ཐུན་མོང་གི་མཐའ་མཚམས་ཡོད་པས་བདེ་འཇགས་དང་ཉེན་ཁ་གཅིག་འབྲེལ་དུ་གནས་ཡོད། འབར་མའི་ཁྱིམ་མཚེས་དང་གྲོགས་པོ་བཟང་པོ་ཡིན་པའི་ཆ་ནས། འབར་མས་བརྟན་འཇགས་དང་འཕེལ་རྒྱས་སྲུང་འཛིན་བྱེད་ཐུབ་པའི་རེ་བ་བྱས་ཡོད་ཅིང་། འབར་མར་རོགས་རམ་འདོན་སྤྲོད་བྱེད་འདོད་ཡོད། ཕྱོགས་བཞིས་དངོས་གཞི་མིན་པའི་གྲོས་མོལ་བྱས་པ་དེ་འབར་མའི་གནས་ཚུལ་ལ་སྔར་ལས་རྒྱུས་ལོན་ཐུབ་པ་དང་། ཡང་དག་པའི་ཐག་གཅོད་བྱེད་ཐབས་ཤིག་མཉམ་དུ་འཚོལ་ཞིབ་བྱེད་པར་ཕན་ཐོགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་དེར་ཡོངས་སུ་འཐད་པ་ཡིན། འབར་མའི་གནད་དོན་དེ་འབར་མའི་མི་དམངས་ཀྱིས་ཐག་གཅོད་དགོས་པས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་བར་ཆད་གཏོང་བར་བཀག་འགོག་བྱེད་དགོས།

རིག་འཛིན་སྒྲོལ་མས་བསྒྱུར།