ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་མཐོ་རིམ་བར་གྱི་གྲོས་མོལ་ཐེངས་བརྒྱད་པ་ཨ་ཏི་ལའེ་ཏི་ནས་བསྡུས།
2024.08.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཚེས་བཅུ་དྲུག་ཉིན། ཀྲུང་གོ་མི་དམངས་ཕྱི་འབྲེལ་སློབ་ཚོགས་དང་ཨོ་སི་ཁྲུ་ལི་ཡའི་ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་འབྲེལ་བའི་རྒྱལ་ཁབ་ཐེབས་རྩ་ཚོགས་པས་མཉམ་འབྲེལ་སྒོས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་མཐོ་རིམ་བར་གྱི་གྲོས་མོལ་ཐེངས་བརྒྱད་པ་དེ་ཨོ་སི་ཁྲུ་ལི་ཡའི་ལྷོ་ཕྱོགས་གྲོང་ཁྱེར་ཨ་ཏི་ལའེ་ཏི་ནས་བསྡུས་པ་དང་། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ལས་རིགས་སོ་སོ་ནས་ཡོང་བའི་འཐུས་མི40ཙམ་གྲོས་ཚོགས་ལ་ཞུགས།

ཀྲུང་གོའི་འཐུས་ཚབ་ཚོགས་པའི་ལག་བསྟར་ཚོགས་གཙོ། ཕྱི་འབྲེལ་སློབ་ཚོགས་ཀྱི་ཚོགས་གཙོ་ཝང་ཁྲའོ་ཡིས་ཀྲུང་གོའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ། ཕྱི་འབྲེལ་སློབ་ཚོགས་ཀྱི་ཚོགས་གཙོ་གྲགས་ཅན་ལིས་ཀྲའོ་ཞིན་གྱིས་བསྐུར་བའི་ཞུ་ཚིག་སྒྲོག་འདོན་བྱས། ལིས་ཀྲའོ་ཞིན་གྱིས་ཞུ་ཚིག་ཁྲོད་བཤད་རྒྱུར། འདས་པའི་ལོ་གཅིག་གི་རིང་དུ། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བ་ཡང་བསྐྱར་ཡང་དག་གི་ལམ་དུ་བསྐྱོད་པར་མ་ཟད་འཕེལ་རྒྱས་ཀྱི་རྣམ་པ་ལེགས་པོ་མངོན་ཡོད་པས། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་གྱི་ཁ་བརྡའི་རྐྱེན་སྲོལ་གྱིས་དྲང་ཕྱོགས་ཀྱི་ནུས་པ་འདོན་སྤྲོད་བྱས་པ་དང་། དམིགས་བསལ་རིན་ཐང་མངོན་ཡོད་ཟེར།

ལིས་ཀྲའོ་ཞིན་གྱིས་བཤད་རྒྱུར། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བ་མུ་མཐུད་བདེ་ཐང་ངང་འཕེལ་རྒྱས་སོང་ན་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་འཚམ་ཞིང་། ཡ་གླིང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་ཐ་ན་གོ་ལ་ཧྲིལ་བོའི་ཞི་བདེ་དང་། བརྟན་འཇགས་དར་རྒྱས་ལའང་ཕན་ཐོགས་ཡོད། ཀྲུང་གོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་འཛིན་པའི་རྣམ་འགྱུར་ནི་རྣམ་པར་དག་ཅིང་དྲང་པོར་གནས་པ་ཞིག་ཡིན་པས། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྱང་ལྷག་བསམ་མཚོན་པའི་རྣམ་འགྱུར་གཅིག་པ་བཟུང་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བས་ཡང་དག་གི་བགྲོད་ལམ་བརྒྱུད་དེ་མཉམ་དུ་སྔར་ལས་འོད་སྟོང་འབར་བའི་མ་འོངས་པའི་ཕྱོགས་སུ་བསྐྱོད་པར་ཡིད་ཆེས་བྱས་ཡོད་ཟེར།

ཨོ་སི་ཁྲུ་ལི་ཡའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ། ཉོ་ཚུང་པུའུ་ཀྲང་ཟུར་པ་ཨེ་མའོ་སིན་གྱིས་བཤད་རྒྱུར། ད་ལོ་ནི་རྒྱལ་ཁབ་གཉིས་བར་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་བཅུ་འགོར་ལོན་ཡིན་པ་དང་། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོས་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་སྒྲོམ་གཞིའི་འོག་དུས་རྒྱུན་རང་བཞིན་གྱི་འབྲེལ་འདྲིས་དང་ཁ་བརྡ་བྱེད་པར་མཐོང་ཆེན་བྱས་ཡོད། ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་མཐོ་རིམ་བར་གྱི་ཁ་བརྡས་ཕྱོགས་གཉིས་གྲོས་མོལ་བྱེད་སྲིད་པའི་མཉམ་ལས་ཁྱབ་ཁོངས་ལ་གོ་སྐབས་འདོན་སྤྲོད་བྱས་ཡོད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།