ཀུའུ་ཐི་ལའེ་སིས་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་གནས་སྐབས་སུ་མཚམས་བཞག་ནས་བྱིས་པར་རྒྱུངས་སྐྱའི་ཚ་ནད་ཀྱི་འགོག་ཁབ་རྒྱག་དགོས་པའི་འབོད་སྐུལ་བཏང་།
2024.08.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཚེས16ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལའེ་སིས་བཤད་རྒྱུར། ཅ་ཧྲ་ས་ཁུལ་གྱི་བྱིས་པར་རྒྱུངས་སྐྱའི་ཚ་ནད་ཀྱི་འགོག་ཁབ་རྒྱག་ཆེད། ས་གནས་དེ་གས་ངེས་པར་དུ་དམག་འཁྲུག་མཚམས་འཇོག་པ་ལག་བསྟར་བྱེད་དགོས་ཟེར།

ཀུའུ་ཐི་ལའེ་སི་ཡིས་ཉིན་དེར་ཉིའུ་ཡུའེ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་སྨྱན་བྱད་ལ་བཤད་རྒྱུར། རྒྱུངས་སྐྱའི་ནད་དུག་ཅ་ཧྲ་ས་ཁུལ་དུ་ཁྱབ་བཞིན་ཡོད་པས། བྱིས་པ་ཉེན་ཁར་འཕྲད་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཅ་ཧྲ་ས་ཁུལ་གྱི་ལོ་བཅུའི་མན་གྱི་བྱིས་པ་འབུམ་དྲུག་ལྷག་ལ་རྒྱུངས་སྐྱའི་ནད་ཀྱི་འགོག་ཁབ་རྒྱག་པར་གྲ་སྒྲིག་བྱས་ཡོད་ཅིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱུངས་སྐྱའི་འགོག་ཁབ་ས་ཡ་གཅིག་དང་འབུམ་དྲུག་སྟེར་བར་ཆོག་མཆན་བཀོད་ཡོད་ཟེར།

ཀུའུ་ཐི་ལའེ་སི་ཡིས་ཕྱོགས་སོ་སོས་མྱུར་དུ་བྱེ་བྲག་གི་འགན་སྲུང་འདོན་སྤྲོད་བྱེད་པ་དང་།  འགོག་ཁབ་བདེ་ལེགས་ངང་རྒྱག་པར་ཁག་ཐེག་བྱ་ཆེད་མི་ཆོས་རིང་ལུགས་ལག་བསྟར་བྱས་ནས་དམག་འཁྲུག་གནས་སྐབས་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། ཁོས་ཐ་ཚིག་བསྒྲགས་ནས་བཤད་རྒྱུར། སྙིང་རྗེ་མེད་པའི་དམག་འཁྲུག་གི་གནས་ཚུལ་འོག་འགོག་ཁབ་རྒྱག་ཐབས་མེད་པ་དང་། གལ་ཏེ་རྒྱུངས་སྐྱའི་ནད་དུག་ཚོད་འཛིན་མ་བྱས་ན། ནད་དུག་གིས་བྱིས་པར་གནོད་འཚེ་རིང་བཞིན་གྱི་ཤུགས་རྐྱེན་ཐེབས་པར་མ་ཟད་མཐའ་འཁོར་རྒྱལ་ཁབ་དང་ས་ཁུལ་དུའང་གནོད་འཚེ་རིང་བཞིན་གྱི་ཤུགས་རྐྱེན་ཐེབས་སྲིད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ད་ལྟ་འགོག་ཁབ་སྐྱེལ་འདྲེན་དང་གསོག་ཉར་བྱ་བར་མཐུན་སྦྱོར་བྱེད་བཞིན་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕ་ལེ་སི་ཐན་ཤར་མར་ཉེ་བའི་ཡུལ་གྱར་བའི་རོགས་སྐྱོབ་དང་བཟོ་བསྐྲུན་ཁྲུའུ་རུ་སྨན་བཅོས་རུ་ཁག་བཀོད་སྒྲིག་བྱས་ཏེ་འགོག་ཁབ་རྒྱག་པ་དང་རྗེས་གྲབས་མཐུན་སྦྱོར་ལས་དོན་སྤེལ་བཞིན་ཡོད། ཀུའུ་ཐི་ལའེ་སི་ཡིས་བཤད་རྒྱུར། འགོག་ཁབ་བདེ་ལེགས་ངང་རྒྱག་ཐུབ་པར་ཁག་ཐེག་བྱ་ཆེད། འགོག་སྨན་དང་འཁྱག་ཉར་སྒྲིག་ཆས་སྐྱེལ་འདྲེན་ཐད་སྟབས་བདེ་བཟོ་དགོས་ཤིང་། རྒྱུངས་སྐྱའི་ནད་དུག་གི་ཆེད་མཁས་པ་ཅ་ཧྲ་ས་ཁུལ་དུ་འགྲོ་བར་ཆོག་མཆན་ཐོབ་དགོས་ལ། སྨན་བཅོས་རུ་ཁག་ལ་མཁོ་བའི་འབར་རྫས་དང་མཉམ་འབྲེལ་དྲ་རྒྱ། ཁ་པར་ཞབས་ཞུ་སོགས་འདོན་སྤྲོད་བྱེད་དགོས། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་འགོག་ཁབ་རྒྱག་པའི་བྱ་བ་བདེ་འཇགས་ཡིན་པར་འགན་སྲུང་མཁོ་སྟེ། འཕྲོད་བསྟེན་བྱ་བ་སྒྲུབ་མཁན་གྱི་བདེ་འཇགས་དང་། བྱིས་པ་དང་དེའི་ཁྱིམ་ཚང་སྨན་བཅོས་ལས་ཁུངས་སུ་འགྲོ་བའི་བདེ་འཇགས། འབྲེལ་ཡོད་སྨན་བཅོས་སྒྲིག་ཆས་ལ་འགས་གཏོར་མི་ཐེབས་པའི་བདེ་འཇགས་སོགས་འདུས་ཡོད་ཟེར།

ཀུའུ་ཐི་ལའེ་སི་ཡིས་བཤད་རྒྱུར། ཅ་ཧྲ་ས་ཁུལ་གྱི་སྨན་བཅོས་དང་ཆུ་འདོན། འཕྲོད་བསྟེན་མ་ལག་བཅས་ལ་གཏོར་བརླགས་ཐེབས་པས། སྨན་ཁང་དང་བདེ་སྲུང་སྒྲིག་ཆས་མང་ཆེ་བ་འཁོར་སྐྱོད་བྱེད་མི་ཐུབ་པའི་རྐྱེན། མི་རྣམས་ཀྱིས་བདེ་འཇགས་ཀྱི་ཆེད་དུ་མུ་མཐུད་བྲོས་བྱོས་བྱས་པ་རེད། འགལ་ཟླ་ལས་རིམས་འགོག་ཁབ་རྒྱག་པའི་རྒྱུན་སྲོལ་ལ་གཏོར་བརླགས་ཚབས་ཆེན་བཟོས་པ་དང་། སིབ་བུ་དང་མཆིན་ཚད་ཀ་བའི་ནད་སོགས་སྔོན་འགོག་ཐུབ་པའི་ནད་རིགས་ཁྱབ་སྤེལ་བྱེད་ཚད་ཇེ་དྲག་ཏུ་བཏང་བས། འགྲན་སློང་དྲག་པོར་འཕྲད་ཡོད་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཞིབ་འཇུག་མི་སྣས་དེའི་སྔོན་ཅ་ཧྲ་ས་ཁུལ་གྱི་ཧན་ཡུའུ་ཉི་སི་སོགས་ས་ཁུལ་གྱི་བཙོག་ཆུའི་ཁྲོད་ནས་རྒྱུངས་སྐྱའི་ནད་དུག་ཤེས་རྟོགས་བྱུང་ཟེར། ཕ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཚེས16ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཅ་ཧྲ་ས་ཁུལ་ནས་རྒྱུངས་སྐྱའི་ནད་དཔེ་ཞིག་ངོས་འཛིན་བྱས་ཡོད་ཟེར།

རྒྱུངས་སྐྱའི་ཚ་ནད་ལ་བྱིས་པའི་སྦྲིད་ནད་ཀྱང་ཟེར་ཞིང་། རྒྱུངས་སྐྱའི་ཚ་ནད་ཀྱི་ནད་དུག་གི་བསྐྱེད་པའི་མྱུར་གཤིས་འགོས་ནད་ཞིག་རེད། གཙོ་བོ་ལོ་ལྔའི་མན་གྱི་བྱིས་པར་ཤུགས་རྐྱེན་ཐེབས་ཤས་ཆེ་བ་དང་ནད་རྟགས་ཚབས་ཆེན་ཡིན་དུས་ཞ་བོར་འགྱུར་བ་དང་འཆི་བར་ངེས་པ་རེད། ནད་འདིར་མིག་སྔར་ནད་བཅོས་བྱ་ཐབས་མེད་པ་དང་། འགོག་ཁབ་རྒྱག་པ་ནི་ནད་རིགས་དེ་སྔོན་འགོག་བྱེད་པའི་བྱེད་ཐབས་ལེགས་ཤོས་དེ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོར་ཅ་ཧྲ་ས་ཁུལ་དུ་རྒྱུན་ལྡན་གྱི་རྒྱུངས་སྐྱའི་ཚ་ནད་ཀྱི་རིམས་འགོག་ཁེབས་ཚད2022ལོའི་བརྒྱ་ཆའི་གོ་དགུ་ནས་ད་ལྟ་བརྒྱ་ཆའི་དགུ་ཅུ་མི་ལོན་པའི་ཚད་དུ་སླེབས་ཡོད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།