སུའུ་ཏན་འཕྲོད་བསྟེན་པུའུ་ཡིས་ཚེས17ཉིན་བཤད་རྒྱུར། བྱི་ནད་དེ་སུའུ་ཏན་རྒྱལ་ཁབ་ཏུ་གཞི་ཁྱོན་ཆེན་པོར་འགོས་མཆེད་བྱུང་ཡོད་པར་བཤད།
སུའུ་ཏན་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་ཧའེ་སའེ་མུའུ.དབྱི་པུའུ་ལ་ཞིན་གྱིས་ཉིན་དེའི་གསལ་བསྒྲགས་ནང་བཤད་རྒྱུར། སུའུ་ཏན་འཕྲོད་བསྟེན་པུའུ་སྤྱི་ཐུན་འཕྲོད་བསྟེན་ཚོད་ལྟ་ཁང་གིས་རྒྱལ་ཁབ་དེར་ཉེ་ལམ་བྱུང་བའི་ཁོག་བཤལ་བའི་ནད་པར་ཚོད་ལྟ་ལྟ་ཞིབ་བྱས་པ་བརྒྱུད་དེ། ནད་པ་དེ་དག་ལ་བྱི་ནད་བྱུང་བ་ངོས་འཛིན་བྱས། དབྱི་པུའུ་ལ་ཞིན་གྱིས་བསྟན་དོན། སུའུ་ཏན་སྲིད་གཞུང་དང་གནོད་ཐེབས་པའི་མངའ་སྡེ་ཡིས་བྲེལ་མྱུར་ཐེ་གཏོགས་བྱེད་ཐབས་བཀོལ་སྤྱོད་བྱས་ཟེར།
ཚེས16ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མགྲིན་ཚབ་པ་མཱ་ཀི་ལི་ཐི.ཧྭ་ལིས་སི་ཡིས་བསྟན་དོན། སུའུ་ཏན་གྱི་དྲག་ཆས་འཁྲུག་རྩོད་ལས་བྱུང་བའི་མི་ཆོས་རིང་ལུགས་ཀྱི་ཉེན་ཁས་བྱི་ནད་སོགས་ནད་རིགས་བརྒྱུད་མཆེད་བྱེད་པའི་གནས་བབ་ཛ་དྲག་ཏུ་བསྒྱུར་ཟེར། མིག་སྔར། སུའུ་ཏན་མངའ་ཁོངས་སུ་བྱི་ནད་བྱུང་བའི་ནད་པ་ཁྲི་གཅིག་དང་སྟོང་གཅིག་སུམ་བརྒྱ་ཉེར་བདུན་ཡོད་པ་དང་། དེའི་ཁྲོད་ནད་པ་སུམ་བརྒྱ་དང་བཅུ་དྲུག་རྐྱེན་ལམ་དུ་ཤོར། ཏིན་ཀུའི་ཚ་ནད་དང་ཀླད་སྐྱིའི་ནད་བྱུང་ཚད་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་ཟེར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། དངོས་སུ་འགོས་མཆེད་བྱུང་བ་དང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་དེ་ལས་ཀྱང་མང་ཟེར།
རིན་ཆེན་མཚོས་བསྒྱུར།