ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་བྱེད་མཚམས་བཞག་པར་ཕྱོགས་སོ་སོས་རྣམ་འགྱུར་མི་འདྲ་བ་བསྟན།
2024.08.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་དེ་ཚེས15ཉིན་ཁ་ཐར་གྱི་རྒྱལ་ས་ཏོ་ཧ་རུ་ཡང་བསྐྱར་མགོ་བརྩམས་པ་དང་། ཚེས16ཉིན། གནས་སྐབས་སུ་མཚམས་འཇོག་རྒྱུ་དང་གཟའ་འཁོར་རྗེས་མར་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་སླར་གསོ་བྱེད་རྒྱུ་རེད།  ཐེངས་འདིའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་ལ་ཕྱོགས་སོ་སོའི་རྣམ་འགྱུར་མི་འདྲ་སྟེ།  ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)གྱིས་དབྱི་སི་རལ་གྱིས་བཏོན་པའི“དོན་ཚན་གསར་པར”ངོ་རྒོལ་བྱེད་བཞིན་ཡོད་པ་དང་། དབྱི་སི་རལ་གྱིས་འདུམ་སྒྲིག་ཕྱོགས་ཀྱིས་ཧ་མ་སིར་གནོན་ཤུགས་སྤྲད་དེ་དམག་འཁྲུག་མཚམས་འཇོག་པའི་ཇུས་གཞི་དང་ལེན་བྱེད་དུ་འཇུག་དགོས་པའི་བླང་བྱ་བཏོན།  ཨ་རི་ཕྱོགས་ཀྱིས་གཟབ་ནན་སྤྲོ་སྣང་གི་རྣམ་འགྱུར་བསྟན་ཡོད།

ཟླ8པའི་ཚེས14ཉིན། ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ཧན་ཡིའུ་ཉི་སིར་མི་རྣམས་ཀྱིས་དབྱི་སི་རལ་གྱི་དམག་དཔུང་གིས་འཇབ་རྒོལ་བྱས་ནས་རྐྱེན་ལམ་དུ་ཤོར་བའི་མི་ལ་མྱ་ངན་ཞུ་བཞིན་པ།

ཚེས16ཉིན། དམག་འཁྲུག་མཚམས་འཇོག་པར་གྲོས་མོལ་འདུམ་སྒྲིག་བྱེད་མཁན་ཨ་རི་དང་། ཁ་ཐར། ཨེ་ཅིབ་བཅས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས།   ཉིན་དེར་ཨ་རིས་དེ་སྔའི་ཇུས་གཞིའི་གཙོ་ཡིན་པའི་རྨང་གཞིའི་སྟེང་ཇུས་གཞི་གསར་པ་ཞིག་ཕུལ་ཡོད། གསལ་བསྒྲགས་ནང་ཇུས་གཞི་དེས་དབྱི་སི་རལ་དང་ཧ་མ་སིའི་བར་གྱི་མི་མཐུན་པའི་ཆ་སེལ་རྒྱུར་ཕན་ཐོགས་ཡོད་པ་དང་། ཕྱོགས་གཉིས་ཀྱིས་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་བཞག་རྗེས།  འབྲེལ་ཡོད་ཐུན་མོང་གི་ངོས་འཛིན་མྱུར་དུ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་འཁོད་ཡོད་པ་རེད།

ཐེངས་འདིའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་ཁྲོད་ཞུགས་མཁན་ཕྱོགས་ལ་དབྱི་སི་རལ་དང་། ཨ་རི། ཁ་ཐར། ཨེ་ཅིབ་བཅས་ཀྱི་གྲོས་མོལ་མི་སྣ་འདུས་ཡོད། ཧ་མ་སིས་ཚོགས་འདུར་འཐུས་མི་མངགས་མེད་མོད་འདུམ་སྒྲིག་ཕྱོགས་ཀྱིས“སྐད་བསྐུར”བྱས་ཡོད་པ་རེད། དབྱི་སི་རལ་གྱིས་ཐེངས་འདིའི་གྲོས་མོལ་ཁྲོད་བཏོན་པའི“དོན་ཚན་གསར་པར”ཧ་མ་སིས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།

སྨྱན་བྱད་མང་པོས་གནས་ཚུལ་སྤེལ་བ་ལྟར་ན།  ཧ་མ་སིས་ངོ་རྒོལ་བྱེད་པའི་ནང་དོན་ལ་དབྱི་སི་རལ་གྱི་དམག་དཔུང་ཅ་ཧྲ་ས་ཁུལ་དང་ཨེ་ཅིབ་ས་མཚམས“ཧྥེ་ཁྲེང་བར་ཁྱམས”དུ་བསྡད་པ་དང་། དེ་མིན་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་གྱི་ལྷོ་བྱང་ཁོངས་གཏོགས་ཀྱི་འགྲིམ་འགྲུལ་རྒྱུ་ལམ་གཙོ་བོ་ཞིག་ཚོད་འཛིན་བྱས་པ། ཕ་ལེ་སི་ཐན་པའི་ཁྲོད་དུ་ཧ་མ་སིའི་ཁོངས་མི་འདྲེས་ཡོད་མེད་ལ་ཞིབ་བཤེར་བྱེད་རྒྱུ་བཅས་འདུ་ཡོད་པ་རེད།

ཟླ8པའི་ཚེས13ཉིན། ཅ་ཧྲ་ས་ཁུལ་དབུས་རྒྱུད་ཀྱི་མའེ་ཅ་ཆིའི་སྐྱབས་བཅོལ་བའི་སྒར་སར་སྐྱེས་པ་ཞིག་གིས་དབྱི་སི་རལ་དམག་དཔུང་གིས་འཇབ་རྒོལ་བྱས་རྗེས་གཏོར་སྐྱོན་ཕོག་པའི་འཛུགས་སྐྲུན་ལ་ལྟ་ཞིབ་བྱེད་བཞིན་པ།

ཧ་མ་སིའི་མཐོ་རིམ་ཁོངས་མི་དབྱི་ཀྲ་ཐེ·ལི་ཧྲི་ཁེའི་ཡིས་བཤད་པ་ལྟར་ན།   དབྱི་སི་རལ་གྱི་འདུམ་སྒྲིག་ཕྱོགས་ཀྱིས་བཤད་པ་ནང་བཞིན། “དེ་སྔའི་ཐེངས་མང་པོའི་གྲོས་མོལ་ནང་གཅིག་མཐུན་བྱུང་བའི་ནང་དོན་ལ་བརྩི་སྲུང་ཞུས་མེད”ཟེར།

དབྱི་སི་རལ་གྱི་ཙུང་ལི་པིན་ཡ་མིན·ནེ་ཐ་ཉི་ཡ་ཧུའུ་ཡིས་འདུམ་སྒྲིག་ཕྱོགས་ཀྱིས་ཧ་མ་སི་ལ་གནོན་ཤུགས་སྤྲད་དེ། ཨ་རིའི་ཙུང་ཐུང་ཡོ་སེ་ཧྥུའུ·པའེ་ཏེང་གིས་ཟླ་5པའི་ཟླ་མཇུག་ཏུ་བཏོན་པའི་དམག་འཁྲུག་མཚམས་འཇོག་པའི་ཇུས་གཞིའི་ནང་གི“རྩ་དོན་མང་པོ”དང་ལེན་བྱེད་པའི་རེ་བ་འདོན་དགོས་ཟེར།

པའེ་ཏེང་གིས་ཟླ་འདིའི་ཚེས16ཉིན། སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས། ཐེངས་འདིའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་མ་བྱས་སྔོན་དང་བསྡུར་ན་མིག་སྔར་དབྱི་སི་རལ་དང་ཧ་མ་སིའི་བར་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་བཞག་ཡོད་ཟེར།

ཨ་རི་སྲིད་གཞུང་གི་དཔོན་རིགས་ཤིག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། གྲོས་མོལ་ཁྲོད་ཞུགས་མཁན་ཕྱོགས་སོ་སོའི་བྱ་བའི་ཚན་ཆུང་གིས་ལག་རྩལ་རང་བཞིན་གྱི་ལས་དོན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ཕྱོགས་སོ་སོའི་མཐོ་རིམ་དཔོན་རིགས་ཀྱིས“གཟའ་འཁོར་རྗེས་མའི་གཟའ་མཇུག་སྔོན་ལ”ཐོག་མཐའ་བར་གསུམ་དུ་ཁེ་རོ་རུ་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།

ཟླ8པའི་ཚེས11ཉིན།  ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ཧན་ཡིའུ་ཉི་སིའི་ནུབ་བྱང་ས་ཁུལ་དུ་གནས་དེའི་མང་ཚོགས་ཀྱིས་དབྱི་སི་རལ་དུ་ཁ་འགྲེམས་ཀྱི་ཐ་ཚིག་བསྒྲགས་རྗེས་ཕྱིར་འཐེན་བྱེད་བཞིན་པ།

ཧྥ་རན་སིའི་གསར་འགྱུར་ཁང་གིས་མིང་བཤད་མི་འདོད་པའི་ཨ་རིའི་དཔོན་རིགས་ཤིག་གི་སྐད་ཆ་དྲངས་པ་ལྟར་ན།  འདུམ་སྒྲིག་ཕྱོགས་ཀྱིས་སྔོན་ལ་ཁེ་རོ་རུ“ལག་བསྟར་སྡེ་ཚན”ཞིག་བཙུགས་ནས། གཙོ་བོ་ཅ་ཧྲ་ས་ཁུལ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་བར་མཁོ་སྒྲུབ་མཐུན་སྦྱོར་བྱེད་པའི་འགན་འཁུར་གྱི་ཡོད་ཟེར།

ཨ་རིའི་རྒྱལ་དོན་བློན་ཆེན་ཨན་ཏུང་ཉི·པུའུ་ལིན་ཁེན་གྱིས་ཚེས17ཉིན་དབྱི་སི་རལ་དུ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་།  ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཝུའེ་ཏན་ཐེ·ཕ་ཐེའར་གྱིས་པུའུ་ལིན་ཁེན་གྱིས་ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་ནི།   གཅིགནི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་ཐད“མུ་མཐུད་དུ་ཕྱི་འབྲེལ་འདུམ་སྒྲིག་ཚགས་དམ་པོ”བྱེད་པ་དང་། གཉིས་ནི“དབུས་ཤར་ས་ཁུལ་གྱི་ཕྱོགས་སོ་སོས་དུས་བབ་ཛ་དྲག་ཏུ་མི་འགྲོ་བ་བྱེད་དགོས་པ་ནན་བཤད་བྱས་ནས”གྲོས་མོལ་གྱི་འཕེལ་རིམ་ལ་གཏོར་བཤིག་མི་གཏོང་པ་བྱེད་རྒྱུ་དེ་རེད།

དབྱི་སི་རལ་གྱི་མིང་བཤད་བྱེད་འདོད་མེད་པའི་དཔོན་རིགས་ཤིག་གིས་ཚེས19ཉིན།  པུའུ་ལིན་ཁེན་གྱིས་ནེ་ཐ་ཉི་ཡ་ཧུའུ་དང་རེས་སྐོར་གསར་པའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་ཐད་ཐུག་འཕྲད་བྱེད་རྒྱུ་ཡིན་པ་བདེན་དཔང་བྱས།

དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་སྤེལ་བ་དང་དུས་མཚུངས་སུ། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་གྱི་དམག་དོན་བྱ་སྤྱོད་སྤེལ་མཚམས་བཞག་མེད་པ་རེད། ཉེ་ཆར་དབྱི་སི་རལ་དམག་དཔུང་གིས་ཅ་ཧྲའི་ལྷོ་རྒྱུད་ཧན་ཡིའུ་ཉི་སི་དང་དབུས་རྒྱུད་ཀྱི་ཏེའར་པའེ་ལ་ཧོ་རུ་བསྒྲགས་ཡིག་བཀྲམ་ནས་དམངས་ཚོགས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་པ་དང་། ཧན་ཡིའུ་ཉི་སིའི་ས་ཁོངས་ཁག་ཅིག་ལ་མཁའ་རྒོལ་བྱས་པས་དམངས་ཚོགས་བྲོས་བྱོལ་དུ་འགྲོ་དགོས་བྱུང་།

ཐེངས་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་གདོང་ཐུག་དེ་ན་ནིང་ཟླ་10ཚེས7ཉིན་བྱུང་བ་ནས་བཟུང་།  ཕ་ལེ་སི་ཐན་ཕྱོགས་ཀྱི་མི་ཁྲི4ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་། ཅ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཉིན་བཞིན་ཛ་དྲག་ཏུ་ཕྱིན་ནས་ས་གནས་དེའི་མི་སེར་གྱི་འཚོ་གནས་ཆ་རྐྱེན་ཉིན་བཞིན་དཀའ་སྡུག་གི་གནས་སུ་གྱར་བཞིན་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།