ཚེས17ཉིན། ཨུ་རུ་སིའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་དམག་མི24ཨུ་རུ་སིའི་ཁུའུ་ཨར་སི་ཁི་མངའ་སྡེ་རུ་ཨུ་རུ་སིའི་དམག་དཔུང་ལ་མགོ་བཏགས་པ་རེད། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལན་སི་ཅིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་ལས་ཝུའུ་ཁི་ལན་ཕྱོགས་ཀྱིས་ཁུའུ་ཨར་སི་ཁི་མངའ་སྡེ་རུ་འགོག་སྲུང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཚུར་བླངས་པའི་ཨུ་རུ་སུའི་མངའ་ཁོངས་ས་ཆའི་རྒྱ་ཁྱོན་ཆེ་རུ་བཏང་ཡོད་ཟེར།
ཨུ་རུ་སིའི་གསར་འགྱུར་ཁང་གིས་ཚེས17ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་དྲག་ཆས་དཔུང་སྡེའི་སྒེར་ཚུགས་འཕྲུལ་ཆས་ཅན་སྟོང་ཤོག22པའི་དམག་མི24ཡིས་ཁུའུ་ཨར་སི་ཁི་མངའ་སྡེའི་ཁི་མ་ལུའོ་ཧྥུའུ་ཁ་གྲོང་ཚོའི་ཉེ་འགྲམ་དུ་ཨུ་རུ་སིའི་དམག་དཔུང་ལ་མགོ་བཏགས་པ་རེད། སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་ཀྱིས་མི་མེད་གནམ་གྲུས་པར་བླངས་པའི་ཝུའུ་ཁི་ལན་གྱི་དམག་མིས་མགོ་འདོགས་པའི་རྣམ་པ་དེ་བརྙན་ལམ་ནས་ཁྱབ་བསྒྲགས་བྱས།
ཚེས17ཉིན། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན། འདས་ཟིན་པའི་དུས་ཚོད24ཡི་ནང་དུ། ཝུའུ་ཁི་ལན་ལ་དམག་མི300ལྷག་ཙམ་དང་ཁྲབ་ལྡན་རླངས་འཁོར31གི་གྱོང་གུན་ཐེབས་ཡོད་པ་རེད། ཁུའུ་ཨར་སི་ཁི་མངའ་སྡེ་ཡི་དམག་འཐབ་ཁྲོད་ཝུའུ་ཁི་ལན་ཕྱོགས་ལ་ཁྱོན་སྡོམ་དམག་མི3160དང་ཐན་ཁེ44ཡི་གྱོང་གུན་ཐེབས་ཡོད་པ་རེད།
ཚེས17ཉིན། ཨུ་རུ་སིའི་ཛ་དྲག་གནས་ཚུལ་པུའུ་ཡི་ཆ་འཕྲིན་སྲིད་ཇུས་སིའི་སི་ཀྲང་གཞོན་པ་ཧྲ་ལུའོ་ཕུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ་འདས་ཟིན་པའི་དུས་ཚོད24ཡི་ནང་དུ། མི3000ལྷག་ཙམ་ཁུའུ་ཨར་སི་ཁི་མངའ་སྡེ་ཡི་མཐའ་མཚམས་ས་ཁུལ་ནས་ཁ་འགྲེམས་བྱས་ཏེ་བདེ་འཇགས་ས་ཁུལ་དུ་བསྐྱོད་པ་རེད། མིག་སྔར་ཨུ་རུ་སིའི་ས་ཁུལ24ཡི་གནས་སྐབས་བསྡུ་ཉར་ལྟེ་གནས172ལ་མངའ་སྡེ་འདི་ནས་ཕྱིར་འཐེན་བྱས་པའི་མི་ཁྲི1ཙམ་བཀོད་སྒྲིག་བྱས་ཡོད་པ་རེད།
ཚེས17ཉིན། ཙེ་ལན་སི་ཅིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས། ཝུའུ་ཁི་ལན་ཕྱོགས་ཀྱིས་ཁུའུ་ཨར་སི་ཁི་མངའ་སྡེ་ཡི་འགོག་སྲུང་འཛིང་རགས་ལ་ཤུགས་སྣོན་བརྒྱབ་པ་དང་། ཨུ་རུ་སིའི་མངའ་ཁོངས་ས་ཆའི་རྒྱ་ཁྱོན་ཆེ་རུ་བཏང་ཡོད། ཝུའུ་ཁི་ལན་ཕྱོགས་ཀྱིས་མཉམ་ལས་རོགས་ཟླའི་ས་ནས་རོགས་སྐྱོར་གསར་པ་ཐོབ་པར་འབད་བརྩོན་བྱས་ཏེ། ཨུ་རུ་སིའི་ཕར་རྒོལ་གྱི་མི་མངོན་པའི་སྟོབས་ཤུགས་ཚོད་འཛིན་དང་ཝུའུ་ཁི་ལན་གྱི་རྒྱང་ཁྲིད་དམག་འཐབ་ནུས་པ་ཆེ་རུ་གཏོང་བཞིན་ཡོད་པར་བསྟན།
ཚེས17ཉིན། ཀྲ་པོ་ལུའོ་རེ་ཉིང་རྡུལ་གློག་ཁང་གིས་སྨྱན་བྱད་བརྒྱུད་ནས་གནས་ཚུལ་སྤེལ་བ་ལྟར་ན། ཝུའུ་ཁི་ལན་གྱི་དམག་དཔུང་གི་མི་མེད་གནམ་གྲུ་ཞིག་གིས་ཉིན་དེར་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན་ཕྱི་རོལ་གྱི་ལས་བཟོ་པ་འགྲོ་སའི་ལམ་ཞིག་ལ་འབར་མདེལ་འཕངས་ནས་འཇབ་རྒོལ་བྱས་ཀྱང་མི་སྣ་ཤི་རྨས་བྱུང་མེད།
ཚེས16ཉིན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་བརྒྱུད་ནས་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་གིས་ནུབ་ཕྱོགས་ཀྱིས་བཟོས་པའི་འཕུར་མདེལ་སྤྱད་དེ། ཁུར་སི་ཁེ་མངའ་སྡེའི་ཀི་ལུའུ་ཧྲི་ཁོ་ཧྥུའུ་སི་ཅི་ཆུའུ་ཡི་ཞེ་དབྱི་མུའུ་གཙང་པོའི་སྟེང་གི་ཟམ་ཆེན་ལ་འཇབ་རྒོལ་བྱས་པས་ཟམ་པར་གཏོར་བརླག་བཏང་བ་དང་། འཇབ་རྒོལ་བྱས་པའི་དབང་གིས་གྲོང་མི་ཁ་འགྲེམས་བྱེད་རོགས་བྱེད་མཁན་དང་བླངས་པ2རྐྱེན་ལམ་དུ་ཤོར་ཡོད་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།