ཚེས17ཉིན་ཕ་ལི་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་གྱི་མཐོ་རིམ་དཔོན་པོ་ས་མིས·ཨ་པུའུ·ཙུའུ་ཧི་ལིས་ཀྱིས་བཤད་རྒྱུར། ཨ་རིའི་ཙུང་ཐུང་ཡོ་སེ་ཧྥུའུ·པའེ་ཏིན་གྱིས་ཅ་ཧྲ་ས་ཁུལ་དུ་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་མཐུན“འཇོག་ཉེར་ཡོད”ཅེས་བརྗོད་པ་ནི“འཁྲུལ་སྣང”ཞིག་རེད་ཟེར།
ཟླ8པའི་ཚེས17ཉིན། ཅ་ཧྲ་ས་ཁུལ་དབུས་རྒྱུད་ཀྲ་ཝའེ་ཏ་ས་ཁུལ་དུ་སྐྱེས་པ་ཞིག་རྐྱེན་ལམ་དུ་ཤོར་བའི་མིའི་ཆེད་དུ་ངུ་བཞིན་པ།
ཙུའུ་ཧི་ལིས་ཀྱིས་ཧྥ་རན་སི་གསར་འགྱུར་ཁང་དུ་སྤེལ་བའི་གསལ་བསྒྲགས་ནང་བསྟན་དོན།“ང་ཚོའི་མདུན་དུ་ལྷགས་པ་ནི་གྲོས་མཐུན་ནམ་ཡང་ན་གྲོས་མོལ་ངོ་མ་ཞིག་མིན་པར་ཨ་རིས་བཙན་འགེལ་བྱས་པའི་བཀའ་རེད”ཟེར།
ཅ་ཧྲ་ས་ཁུལ་དུ་དམག་འཁྲུག་མཚམས་འཇོག་རྒྱུ་དང་བཀག་ཉར་མི་སྣ་བཙོན་གྲོལ་གཏོང་རྒྱུའི་གྲོས་མོལ་ཚེས15ཉིན་ཁ་ཐར་གྱི་རྒྱལ་ས་ཏོ་ཧ་རུ་སླར་ཡང་མགོ་བརྩམས་པ་དང་། ཚེས16ཉིན་གནས་སྐབས་སུ་མཚམས་བཞག གཟའ་འཁོར་རྗེས་མར་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་སླར་གསོ་བྱ་རྒྱུ་རེད། ཧ་མ་སིས་ཚོགས་འདུར་འཐུས་མི་མངགས་མེད་པར་འདུམ་འགྲིག་ཕྱོགས་ལ“སྐད་ཆ་བསྐུར།” ཚེས16ཉིན་འདུམ་འགྲིག་བྱེད་མཁན་ཨ་མེ་རི་ཁ་དང་ཁ་ཐར། ཨེ་ཅིབ་བཅས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། ཨ་རི་ཕྱོགས་ཀྱིས་དེ་སྔའི་ཇུས་གཞིའི་གཙོ་གནད་ཀྱི་རྨང་གཞིའི་ཐོག་ཇུས་གཞི་གསར་པ་ཞིག་ཕུལ་བ་དང་། ཇུས་གཞི་དེས་དབྱི་སི་རལ་དང་ཧ་མ་སིའི་བར་གྱི་འགལ་བ་སེལ་རྒྱུར་ཕན་ཐོགས་ཡོད་པ་དང་། ཕྱོགས་གཉིས་པོས་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་མཐུན་བཞག་རྗེས་འབྲེལ་ཡོད་ཐུན་མོང་གི་ངོས་འཛིན་མགྱོགས་མྱུར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད།
ཟླ8པའི་ཚེས16ཉིན་ཅ་ཧྲ་ས་ཁུལ་གྱི་ལྷོ་ཕྱོགས་གྲོང་ཁྱེར་ཧན་ཡོ་ཉི་སིའི་ནུབ་བྱང་རྒྱུད་ཀྱི་གྲོང་རྡལ་ཞིག་ནས་པར་བླངས་པའི་འཛུགས་སྐྲུན་དངོས་པོའི་ཞིག་རོ་རེད།
ཚེས16ཉིན་ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་གྱིས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཐེངས་འདིའི་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་མོལ་མ་བྱས་སྔོན་དང་བསྡུར་ན་དབྱི་སི་རལ་དང་ཧ་མ་སི་བར་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་འཇོག་རྒྱུར་ཐག་ཧ་ཅང་ཉེ་ཟེར།
དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་བྱ་བ་སྤེལ་བ་དང་མཉམ་དུ། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་མཚམས་བཞག་མེད། ཚེས17ཉིན་དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དབུས་རྒྱུད་ཀྱི་ཀྲ་ཝེ་ཏ་ས་ཁུལ་ལ་འགས་གཏོར་བྱས་པ་དང་།
ཉུང་མཐར་ཡང་མི16རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་ཕྲག་ཁ་ཤས་ལ་རྨས་ཕོག
ཚེས17ཉིན་ཅ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ན་ནིང་གི་ཟླ10པར་རེས་སྐོར་གསར་པའི་ཕ་ལི་སི་ཐན་དང་དབྱི་སི་རལ་བར་གྱི་དམག་འཁྲུག་བྱུང་བ་ནས་བཟུང་། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་ནས་ཕ་ལེ་སི་ཐན་གྱི་མི་ཁྲི་བཞི་དང་དོན་བཞི་རྐྱེན་ལམ་དུ་བཏང་བ་དང་། མི་ཁྲི་དགུ་དང་སྟོང་གཉིས་ལྷག་རྨས་ཡོད།
ཤ་བོ་རིན་མཚོས་བསྒྱུར།