ཚེས18ཉིན་གྱི་དགོང་མོ་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལན་སི་ཅིས་བརྙན་ལམ་གཏམ་བཤད་སྤེལ་ནས། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སིའི་ཁུའུ་ཨར་སི་ཁི་མངའ་སྡེ་ལ་འཇབ་རྒོལ་བྱེད་པའི་དམིགས་ཡུལ་གཙོ་བོ་ཞིག་ནི་ཨུ་རུ་སིའི་མངའ་ཁོངས་སུ་བར་ཁུལ་འཛུགས་རྒྱུ་དེ་ཡིན་ཟེར།
ཙེ་ལན་སི་ཅིས་བཤད་རྒྱུར། མིག་སྔར་ཝུའུ་ཁི་ལན་དམག་དཔུང་གི་སྤྱིའི་འགོག་སྲུང་བྱ་སྤྱོད་ཀྱི་ལས་འགན་ཨང་དང་པོ་ནི་ཨུ་རུ་སི་ཕྱོགས་ཀྱི་དམག་འཐབ་ནུས་པ་ཉམས་ཞན་དུ་གཏོང་གང་ཐུབ་བྱས་ནས། ཚད་གཞི་མཐོ་བའི་ཕར་རྒོལ་བྱེད་རྒྱུ་དེ་ཡིན་པ་དང་། དེའི་ནང་ཁུའུ་ཨར་སི་ཁི་ས་ཁུལ་དུ་བྱ་སྤྱོད་སྤེལ་བ་བརྒྱུད་ཨུ་རུ་སིའི་མངའ་ཁོངས་སུ་བར་ཁུལ་འཛུགས་རྒྱུ་དེ་ཡིན་ཟེར།
ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཟླ་འདིའི་ཚེས6ཉིན་ནས་བཟུང་ཨུ་རུ་སིའི་ཁུའུ་ཨར་སི་ཁི་མངའ་སྡེ་ལ་འཇབ་རྒོལ་བྱས་པ་དང་། དེའི་རྗེས་མངའ་སྡེ་དེ་རུ་ཕྱོགས་གཉིས་ཀྱི་བར་གདོང་ཐུག་དྲག་པོ་བྱུང་བ་རེད། ཚེས12ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་གིས་ཨུ་རུ་སིའི་ལྷོ་རྒྱུད་མཐའ་མཚམས་ཀྱི་དུས་བབ་སྐོར་གྱི་ཚོགས་འདུའི་སྐབས་སུ། ཨུ་རུ་སིའི་ཕྱོགས་ཀྱིས་མཐའ་མཚམས་ས་ཁུལ་དུ་ཝུའུ་ཁི་ལན་གྱིས་འཁྲུག་རྐྱེན་རབ་དང་རིམ་པ་བསླངས་པར་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།