དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲར་མཁའ་རྒོལ་བྱས་ནས་ཁྱིམ་ཚང་གཅིག་གི་ཁྱིམ་མི་བཅུ་དྲུག་རྐྱེན་ལམ་དུ་བཏང་།
2024.08.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཚེས17ཉིན།  ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡིས་གསལ་བསྒྲགས་སྤེལ་ནས།  དབྱི་སི་རལ་དམག་དཔུང་གིས་ཡུལ་གྱར་པ་མང་པོ་འདུ་འཛོམས་བྱས་ཡོད་པའི་ཅ་ཧྲ་ས་ཁུལ་གྱི་དབུས་རྒྱུད་ལ་མུ་མཐུད་དུ་འཇབ་རྒོལ་བྱས་པས། བྱིས་པ་མང་པོ་ཡོད་པའི་ཁྱིམ་ཚང་ཞིག་གི་ཁྱིམ་མི16ཚང་མ་རྐྱེན་ལམ་དུ་ཤོར་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་བྱ་སྤྱོད་དེའི་དམིགས་འབེན་ནི་ས་ཁོངས་དེའི་དམག་དོན་ཡིན་པ་དང་དོན་རྐྱེན་དེར་དཔྱད་དཔོག་བྱེད་དགོས་ཟེར།

ཧ་མ་སིའི་གསལ་བསྒྲགས་ནང་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་མིག་སྔར་སྔར་བཞིན་ཅ་ཧྲ་ས་ཁུལ་གྱི་དབུས་རྒྱུད་དུ་མང་ཚོགས་ཕྱིར་འཐེན་བྱེད་དགོས་པའི་བཀའ་ཁྱབ་བསྒྲགས་བྱས་ཡོད། གསལ་བསྒྲགས་ནང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མི་སེར་ལ་དམིགས་པའི་གདུག་རྩུབ་ཆེ་བའི་ཉེས་སྤྱོད་ཧུར་ཐག་གིས་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཚེས17ཉིན།  ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་དམག་དཔུང་གི་དམག་འཐབ་གནམ་གྲུས་ཉིན་དེར་ཅ་ཧྲ་ས་ཁུལ་དབུས་རྒྱུད་ཀྱི་ཀྲ་ཝུའེ་ཏ་ས་ཁུལ་གྱི་སྤྱིལ་བུ་ཞིག་དང་ཁང་པ་ཞིག་ལ་འབར་མདེལ་འཕངས་ནས་ཉུང་མཐར་ཡང་མི16རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་ཕྲག་ཁ་ཤས་ལ་རྨས་སྐྱོན་ཕོག་ཡོད་ཟེར།

ཚེས17ཉིན།  དབྱི་སི་རལ་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་དམག་གིས་ཅ་ཧྲ་ས་ཁུལ་གྱི་དབུས་རྒྱུད་དང་ལྷོ་རྒྱུད་དུ་མུ་མཐུད་དུ་བྱ་སྤྱོད་སྤེལ་བཞིན་ཡོད་པ་དང་།  འདས་ཟིན་པའི་ཉིན་གཅིག་གི་ནང་དབྱི་སི་རལ་དམག་དཔུང་གི་དམག་འཐབ་གནམ་གྲུས་དམིགས་འབེན40ཙམ་ལ་རྡུང་རྡེག་བཏང་བའི་ཁྲོད་གོ་མཚོན་གསོག་ཉར་སྒྲིག་ཆས་སོགས་ཚུད་ཡོད་ཟེར།

ཚེས17ཉིན།  ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཚན་གྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ན་ནིང་ཟླ10པར་རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གདོང་ཐུག་བྱུང་བའི་ཚུན་ལ་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ནས།  ཕ་ལེ་སི་ཐན་བ་ཁྲི4ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི9.2ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།