ཚེས19ཉིན། ཨུ་རུ་སིའི་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡོ་རོབ་སི་གསུམ་པའི་སི་ཀྲང་ཨའོ་ལེ་ཀེ·ཅ་ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་འཇར་མན་ལ“པེ་ཞིའི”རང་བྱུང་སོལ་རླངས་གི་སྦུག་ལམ་འབར་གས་དོན་རྐྱེན་ཐད་བརྟག་དཔྱད་བྱེད་རྒྱུའི་རེ་བ་དངོས་སུ་བཏོན་ཡོད་ཟེར།
ཅ་ཕུའུ་ཅིན་གྱིས་སྨྱན་ལམ་བརྒྱུད་ནས་བཤད་རྒྱུར། འཇར་མན་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་སྤྱི་དམངས་ཤིག་པོ་ལུའོ་ཏི་རྒྱ་མཚོར་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་བའི་དོགས་ཡོད་ཉེས་ཅན་ཞིག་ཏུ་བརྩིས་ནས་འཛིན་བཟུང་བཀའ་རྒྱ་གཏོང་བའི་མིང་ཐོའི་ནང་བཅུག་ཡོད། འཇར་མན་སྨྱན་བྱད་ཀྱིས་ཆག་སྒོ་སློང་མཁན་དེ་རྒྱལ་ཁབ་གང་རུང་དང་འབྲེལ་བ་མེད་པའི་ལྟ་བ་ཡུན་རིང་ཁྱབ་སྤེལ་བྱས་པར་གཞིགས་ན། དེས“པེ་ཞིའི”འབར་གས་གྱོད་གཞི་དེའི་ལྐོག་གི་བཀོད་འདོམས་མཁན་ངོ་མ་གཏན་འཁེལ་མ་བྱས་པའི་གནས་ཚུལ་འོག་གྱོད་ཐག་གཅོད་ཐུབ་ངེས་རེད། ཨུ་རུ་སི་ཡིས་གནས་ཚུལ་འདིའི་རིགས་འབྱུང་བར་བཟོད་སྒོམ་བྱེད་མི་ཐུབ་ཟེར།
ཚེས14ཉིན། ཨ་རིའི《ཝར་ཅེ་ཁྲོམ་གཞུང་ཉིན་རེའི་ཚགས་པར》ལས་ཝུའུ་ཁི་ལན་གྱི་དངོས་ཞབས་དམག་མི་དང་ཚོང་པ6ལས་གྲུབ་པའི་ཚོགས་པས་སྤྲོ་གསེང་གྲུ་གཟིངས་དང་ཆུ་འཛུལ་སྒྲིག་ཆས་གླས་ནས2022ལོའི་ཟླ9པར“པེ་ཞིའི”རང་བྱུང་སོལ་རླངས་སྦུག་ལམ་ལ་གཏོར་བཤིག་བཏང་བ་ནི། ལོ་དེའི་ཟླ2པར་ཨུ་རུ་སིས་ཝུའུ་ཁི་ལན་ལ་དམིགས་བསལ་དམག་དོན་བྱ་སྤྱོད་སྤེལ་བར་འཁོན་ལན་སློག་པ་རེད།《ཝར་ཅེ་ཁྲོམ་གཞུང་ཉིན་རེའི་ཚགས་པར》སྟེང་གོང་གསལ་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སི་ཕྱོགས་ཀྱིས་ཨ་རིས“པེ་ཞིའི”འབར་གས་དོན་རྐྱེན་གྱི་འགན་འཁྲི་ཚང་མ་ཝུའུ་ཁི་ལན་གྱི་སྟེང་དུ་དཀྲི་རྩིས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
2022ལོའི་ཟླ9བའི་ཚེས26ཉིན། ཨུ་རུ་སི་དང་འཇར་མན། དེ་མིན་ཡོ་རོབ་ཀྱི་རྒྱལ་ཁབ་གཞན་དག་སྦྲེལ་མཐུད་བྱེད་པའི་པོ་ལུའོ་ཏི་རྒྱ་མཚོའི་མཚོ་འོག་རླངས་འདྲེན་སྦུག་ལམ“པེ་ཞི-1”དང“པེ་ཞི-2”ལ་ཏེན་མག་དང་སུའེ་ཏེན་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཆུ་འོག་འབར་གས་དྲག་པོ་བྱུང་ནས་རང་བྱུང་སོལ་རླངས་འབོར་ཆེན་ཕྱིར་ཤོར་ཡོད་པ་རེད། བརྟག་དཔྱད་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། སྦུག་ལམ་བཞིའི་ནང་གི་སྦུག་ལམ3ལས་ཕྱིར་ཤོར་བ་དང་ཁྱོན་བསྡོམས་ཕྱིར་ཤོར་ས4ཡོད་པས་མིས་གཏོར་བཤིག་བཏང་པའི་དོགས་པ་ཡོད་པ་རེད། དོན་རྐྱེན་དེ་བྱུང་རྗེས་ཏེན་མག་དང་། སུའེ་ཏེན། འཇར་མན་བཅས་ཀྱིས་བརྟག་དཔྱད་བྱེད་མགོ་བརྩམས་ཀྱང་ཨུ་རུ་སི་དེའི་ནང་ཞུགས་རྒྱུར་ཁས་མ་བླངས།
གཡང་འབུམ་རྒྱལ་གྱིས་བསྒྱུར།