མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་མི་ཆོས་རིང་ལུགས་ཀྱི་ལས་སྒྲུབ་མི་སྣར་འཇབ་རྒོལ་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
2024.08.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ8པའི་ཚེས19ཉིན་ནི་འཛམ་གླིང་གི་མི་ཆོས་རིང་ལུགས་ཀྱི་ཉིན་མོ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་ཡིས་ཉིན་དེར་བརྙན་ལམ་ནས་ཤིས་ཚིག་ཕུལ་ཏེ། མི་ཆོས་རིང་ལུགས་ཀྱི་ལས་སྒྲུབ་མི་སྣར་གུས་འདུད་ཞུས་པ་དང་ མི་ཆོས་རིང་ལུགས་ཀྱི་ལས་སྒྲུབ་མི་སྣ་དང་མི་སེར་ཚང་མར་འཇབ་རྒོལ་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐེ་ལེ་སི་ཡིས་བཤད་རྒྱུར། ན་ནིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཐུན་སྦྱོར་བྱས་པའི་མི་ཆོས་རིང་ལུགས་ཀྱི་བྱ་སྤྱོད་ཀྱིས་མི་དུང་ཕྱུར་གཅིག་དང་བྱེ་བ་བཞི་ལྷག་ཙམ་ལ་ཚེ་སྲོག་སྐྱོབ་པའི་རོགས་སྐྱོར་བྱས། མ་དངུལ་ཧ་ཅང་དཀོན་པའི་གནས་ཚུལ་འོག  མི་ཆོས་རིང་ལུགས་ཀྱི་ལས་སྒྲུབ་མི་སྣས་ཧུར་ཐག་གིས་དཀའ་ངལ་ཁྱད་དུ་བསད་ནས་རོགས་སྐྱོར་གྱི་དགོས་མཁོ་ཡོད་པའི་མི་སྣར་རོགས་སྐྱོར་འདོན་སྤྲོད་བྱས།

ཀུའུ་ཐེ་ལེ་སི་ཡིས་བཤད་རྒྱུར།  2023ལོ་ནི་ཟིན་ཐོར་བཀོད་ཚུན་མི་ཆོས་རིང་ལུགས་ཀྱི་ལས་སྒྲུབ་མི་སྣ་རྐྱེན་ལམ་དུ་ཤོར་གྲངས་ཆེས་མང་པའི་ལོ་ཞིག་རེད། ཅ་ཧྲ་དང་། སུའུ་ཏན། ས་གནས་གཞན་དག་བཅས་སུ་མི་ཆོས་རིང་ལུགས་ཀྱི་ལས་སྒྲུབ་མི་སྣ་དང་མི་སེར་ལ་འཇབ་རྒོལ་བྱེད་པ་དང་། དམར་གསོད་གཏོང་བ། གནོད་འཚེ་བཟོ་བ། བཙན་ཁྲིད་བཅས་བྱེད་བཞིན་ཡོད།  ཁོས་མི་ཆོས་རིང་ལུགས་ཀྱི་ལས་སྒྲུབ་མི་སྣ་དང་མི་སེར་ཚང་མར་འཇབ་རྒོལ་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་པ་དང་།  རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་གདོང་ཐུག་ཕྱོགས་ལ་གནོན་ཤུགས་སྤྲད་ནས་མི་སེར་སྲུང་སྐྱོབ་བྱེད་དགོས་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་དམག་དཔུང་དང་ཚོགས་པར་མཚོན་ཆ་ནང་བཤུག་གཏོང་མཚམས་འཇོག་དགོས་པ་དང་།  དུས་མཚུངས་སུ་ཉེས་པ་ཡོད་ཀྱང་ཆད་པ་མི་གཅོད་པའི་སྣང་ཚུལ་མཇུག་བསྒྲིལ་ནས་ཆག་སྒོ་སློང་མཁན་ལ་བཅའ་ཁྲིམས་ཀྱིས་བཀག་སྡོམ་བྱེད་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་བྱ་བའི་མཐུན་སྦྱོར་ཐིང་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། །2023ལོར་འཛམ་གླིང་ཡོངས་སུ་ཁྱོན་སྡོམ་མི་ཆོས་རིང་ལུགས་ཀྱི་ལས་སྒྲུབ་མི་སྣ280རྐྱེན་ལམ་དུ་ཤོར་བ་དང་།གཞི་གྲངས་དེས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད་པ་དང་། གཞན་ཡང་མི་ཆོས་རིང་ལུགས་ཀྱི་ལས་སྒྲུབ་མི་སྣ78བཙན་ཁྲིད་བྱས་པ་དང་མི196ལ་རྨས་སྐྱོན་ཕོག་ཡོད་པ་རེད།

2003ལོའི་ཟླ8པའི་ཚེས19ཉིན། དབྱི་རག་གི་པ་ཀ་ཏར་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་གཅོད་ཁང་ལ་རླངས་འཁོར་འབར་མདེལ་གྱི་འཇབ་རྒོལ་ཐེབས་ནས།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་གནད་དོན་གྱི་དམིགས་བསལ་འཐུས་མི་ཏི་མེ་ལོ་དང་བཅས་པའི་མི20ལྷག་རྐྱེན་ལམ་དུ་ཤོར་བ་དང་མི་150ལྷག་ལ་རྨས་སྐྱོན་ཕོག་པ་རེད། ཐེངས་དེའི་འཇབ་རྒོལ་དོན་རྐྱེན་ཁྲོད་རང་སྲོག་བློས་བཏང་བའི་ལས་སྒྲུབ་མི་སྣར་རྗེས་དྲན་ཞུ་ཆེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱིས2008ལོའི་ཟླ12པར་གྲོས་ཆོད་ལ་གྲོས་འཆམ་བྱས་ནས། ལོ་རེའི་ཟླ8པའི་ཚེས19ཉིན་ནི་འཛམ་གླིང་མི་ཆོས་རིང་ལུགས་ཀྱི་ཉིན་མོར་གཏན་འཁེལ་བྱེད་རྒྱུའི་གཏན་འབེབས་བྱས་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།