ཚེས19ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལའེ་སི་ཡིས་མགྲིན་ཚབ་པ་ཏིས་ཡ་ལིས་ཁི་བརྒྱུད་ནས་གསལ་བསྒྲགས་སྤེལ་ཏེ། ཡེ་མིན་ཧུའུ་སེ་དྲག་ཆས་པས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་བཀག་འཇུག་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་དང་མི་སྣ་གཞན་དག་ཕྱིར་གཏོང་དགོས་པའི་བླང་བྱ་བཏོན།
གསལ་བསྒྲགས་ནང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་དང་སྲིད་གཞུང་སྡེ་ཁག སྲིད་གཞུང་མིན་པའི་རྩ་འཛུགས། ཕྱི་འབྲེལ་གཞུང་ཚབ་དང་དམངས་ཁྲོད་སྤྱི་ཚོགས་སོགས་ཀྱི་ལས་བྱེད་མི་སྣ་མང་པོ་ཧུའུ་སེ་དྲག་ཆས་པས་བཀག་འཇུག་བྱས་ནས་ཟླ་གཉིས་འགོར་བ་རེད། ཀུའུ་ཐི་ལའེ་སི་ཡིས་ཁོ་ཚོའི་གནས་ཚུལ་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ། ཧུའུ་སེ་དྲག་ཆས་པས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ཕྱིར་གཏོང་དགོས་པའི་བླང་བྱ་བཏོན། ཀུའུ་ཐི་ལའེ་སི་ཡིས་ད་དུང་ཧུའུ་སེ་དྲག་ཆས་པ་ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་མི་དབང་ལས་དོན་གྱི་མཐོ་རིམ་ཆེད་མཁས་གཞུང་སྒྲུབ་ཁྲུའུ་ཡི་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་རུ་ཡོད་པའི་གཞུང་སྒྲུབ་ཁང་ལ་བཙན་གྱིས་འཛུལ་བའི་བྱ་སྤྱོད་ལ་བསྙད་བརྐོ་བྱས། གསལ་བསྒྲགས་ལས་ཁ་གསབ་ཀྱི་ཚུལ་དུ་བཤད་རྒྱུར། ཚེས19ཉིན་ཧུའུ་སེ་དྲག་ཆས་པས་གཞུང་སྒྲུབ་ཁང་དེ་མཉམ་འབྲེལ་རྒྱལ་ཚོགས་ཡེ་མིན་དུ་སྡོད་པའི་མི་ཆོས་རིང་ལུགས་མཐུན་སྦྱོར་མཁན་ལ་ཕྱིར་སྤྲད་ཟེར།
གསལ་བསྒྲགས་ལས་བཤད་རྒྱུར། མིག་སྔར་ཡེ་མིན་གྱི་མི་ཆོས་རིང་ལུགས་ཀྱི་གནས་བབ་ཧ་ཅང་ཛ་དྲག་ཆེ་བས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་ལྟ་འབད་པ་ཆེན་པོས་ཛ་དྲག་གི་གནས་བབ་ལས་ཡེ་མིན་གྱི་མི་དམངས་ལ་ཤུགས་རྐྱེན་ཐེབས་པ་ཐག་གཅོད་བྱེད་བཞིན་ཡོད་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣའི་བདེ་འཇགས་ལ་ངེས་པར་དུ་ཁག་ཐེག་བྱ་དགོས་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་དང་མཉམ་ལས་གྲོགས་པོ་གཞན་པས་ལས་འགན་ལག་བསྟར་བྱེད་དུས་རྒོལ་རྡུང་གི་དམིགས་འབེན་དུ་འགྱུར་མི་རུང་ལ། འཛིན་བཟུང་དང་བཀག་འཇུག་གཏན་ནས་བྱེད་མི་འོས་ཟེར།
གསལ་བསྒྲགས་ལས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཟླ་དྲུག་པའི་ཟླ་མགོར་སཱ་ནཱ་རུ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྩ་འཛུགས་དང་དམངས་ཁྲོད་ལས་ཁུངས་སོགས་ཀྱི་ལས་བྱེད་མི་སྣ་དང་རོགས་སྐྱོབ་མི་སྣ་ལྔ་བཅུ་ལྷག་འཛིན་བཟུང་བྱས། ཟླ་བརྒྱད་པའི་ཟླ་མགོར། མཉམ་འབྲེལ་རྒྱལ་ཚོགས་མི་དབང་ལས་དོན་གྱི་མཐོ་རིམ་ཆེད་མཁས་གཞུང་སྒྲུབ་ཁྲུའུ་ཡི་སཱ་ནཱ་རུ་ཡོད་པའི་གཞུང་སྒྲུབ་ཁང་དེ་ཧུའུ་སེ་དྲག་ཆས་པས་བཙན་གྱིས་སྒོ་རྒྱག་ཏུ་བཅུག་པ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།