ཀྲུང་གོ་དང་ཨུ་རི་སིའི་མི་ཆོས་མཉམ་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ཉེར་ལྔ་པ་བསྡུས་པ་དང་ཧྲིན་དབྱི་ཆིན་དང་ཀི་ལིས་ཁི་ཝ་གཉིས་ཀྱིས་མཉམ་དུ་མགོ་འཛིན་བྱས།
2024.08.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཚེས19ཉིན། རྒྱལ་སྲིད་ཨུ་ཡོན། ཀྲུང་གོ་དང་ཨུ་རི་སིའི་མི་ཆོས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞི་ཧྲིན་དབྱི་ཆིན་གྱིས་མོ་སི་ཁོ་རུ། ཨུ་རི་སིའི་ཙུང་ལི་གཞོན་པ། ཨུ་ཡོན་ལྷན་ཁང་གི་ཨུ་རི་སི་ཕྱོགས་ཀྱི་ཀྲུའུ་ཞི་ཀི་ལིས་ཁི་ཝ་དང་མཉམ་དུ་ཀྲུང་གོ་དང་ཨུ་རི་སིའི་མི་ཆོས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པར་མཉམ་དུ་མགོ་འཛིན་བྱས།

ཧྲིན་དབྱི་ཆིན་གྱིས་བཤད་རྒྱུར། མི་ཆོས་བརྗེ་རེས་ནི་ཀྲུང་གོ་དང་ཨུ་རི་སིའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ད་ལོའི་ཟླ་ལྔ་པར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྲུང་གོ་དང་ཨུ་རི་སིའི་རིག་གནས་ལོའི་སྒོ་འབྱེད་མཛད་སྒོ་དང་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འགོར་བར་རྟེན་འབྲེལ་ཞུ་བའི་ཆེད་དོན་རོལ་དབྱངས་ཚོགས་འདུར་མཉམ་དུ་ཞུགས་པ་དེས། རྒྱལ་ཁབ་གཉིས་ཀྱིས་མི་ཆོས་བརྗེ་རེས་ལ་མཐོང་ཆེན་ཚད་མེད་བྱེད་པ་མཚོན་ཐུབ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཕྱོགས་གཉིས་ཀྱིས་མི་ཆོས་མཉམ་ལས་ཀྱི་ནང་དོན་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། མཉམ་ལས་འཆར་གཞི་སྔར་ལས་ཆ་ཚང་དང་། མཐུན་སྦྱོར་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། ཚོང་རྟགས་སྣེ་ཁྲིད་སྔར་ལས་འབུར་ཐོན་དང་དམངས་ཁྲོད་འགྲོ་འོང་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ། གྲུབ་འབྲས་གསར་པ་རབ་དང་རིམ་པ་བླངས་ནས། ཀྲུང་གོ་དང་ཨུ་རི་སིའི་མི་རབས་མཛའ་འབྲེལ་གྱི་སྤྱི་ཚོགས་དང་དམངས་འདོད་རྨང་གཞི་ཇེ་བརྟན་དུ་གཏོང་བར་བྱས་རྗེས་མི་དམན་པ་བཞག་ཡོད་ཟེར།

ཧྲིན་དབྱི་ཆིན་གྱིས་བསྟན་དོན།  ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་རྒྱལ་སྤྱིའི་མི་ཆོས་བརྗེ་རེས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས་པ་ནན་བཤད་བྱས་ཡོད་ལ། ཀྲུང་གོ་དང་ཨུ་རི་སིའི་མི་ཆོས་མཉམ་ལས་ཐད་སྒུལ་ནུས་གསར་པ་བསྣན་ཡོད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨུ་རི་སིའི་བར་འབྲེལ་བ་བཙུགས་ནས་ལོ75འགོར་བ་དེ་མགོ་རྩོམ་ས་གསར་པ་ཞིག་ཏུ་བརྩིས་ཏེ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་ངོས་འཛིན་ནན་ཏན་གྱིས་དངོས་འབེབས་བྱེད་པ་དང་། འབྲེལ་ཡོད་མི་ཆོས་མཉམ་ལས་ཀྱི་འཆར་གཞི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཨུ་རི་སིའི་རིག་གནས་ལོ་སོགས་བྱེད་སྒོ་གལ་ཆེན་མཉམ་དུ་ལེགས་པོར་བསྒྲུབ་ནས། ལག་རྡང་མཉམ་སྦྲེལ་གྱིས་མི་ཆོས་མཉམ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས་ཟེར།

ཀི་ལིས་ཁི་ཝ་ཡིས་ཨུ་རི་སི་དང་ཀྲུང་གོས་མི་ཆོས་མཉམ་ལས་ཐད་ནས་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོ་བྱས་ཤིང་། ཀྲུང་གོ་ཕྱོགས་དང་མཉམ་དུ་མི་ཆོས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་མུ་མཐུད་རྒྱ་སྐྱེད་གཏིང་ཟབ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་འབྱུང་བར་སྐུལ་འདེད་གཏོང་རྒྱུར་འཐད་པ་ཡིན་ཟེར།

གྲོས་ཚོགས་སྐབས་སུ། ཕྱོགས་གཉིས་ཀྱིས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་བདེན་དཔང་བྱས་པར་མ་ཟད་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།