ཅོར་ཏན་དམག་ཕྱོགས་ཀྱིས་མི་མེད་གནམ་གྲུ་སྤྱད་ནས་དུག་རྫས་ལྐོག་འདྲེན་བྱེད་པའི་བྱ་འགུལ་ཞིག་ཕམ་པར་བཏང་།
2024.08.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཅོར་ཏན་དམག་ཕྱོགས་ཀྱིས་ཚེས19ཉིན་བསྒྲགས་རྒྱུར། ཅོར་ཏན་རྒྱལ་ཁབ་དང་དབྱི་སི་རལ་འབྲེལ་མཚམས་ཀྱི་མཐའ་མཚམས་ས་ཁུལ་དུ་མི་མེད་གནམ་གྲུ་སྤྱད་དེ་དུག་རྫས་ལྐོག་འདྲེན་བྱེད་པའི་བྱ་འགུལ་ཞིག་ཕམ་པར་བཏང་ཡོད་ཟེར།

ཅོར་ཏན་དམག་ཕྱོགས་ཀྱིས་ཉིན་དེར་གསལ་བསྒྲགས་ཤིག་གི་ནང་བཤད་རྒྱུར། ལྟ་ཞིབ་ཚད་ལེན་དང་དེའི་རྗེས་སུ་སྤྱད་པའི་འགུལ་སྐྱོད་བྱེད་ཐབས་བརྒྱུད། ཅོར་ཏན་དྲག་ཆས་དམག་དཔུང་གི་ལྷོ་ཕྱོགས་དམག་ཁུལ་གྱིས་ཅོར་ཏན་གྱི་ནུབ་རྒྱུད་དང་དབྱི་སི་རལ་ས་མཚམས་ཀྱི་ཅོར་ཏན་གྱི་གཞོགས་གཅིག་ནས་མི་མེད་གནམ་གྲུ་གཅིག་གཏོར་བ་དང་། གནམ་གྲུའི་ནང་དུ་དུག་རྫས་འབོར་ཆེན་ཡོད་ལ། དུག་རྫས་འདི་དག་འབྲེལ་ཡོད་སྡེ་ཁག་ལ་སྤྲད་ཡོད་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར། ཅོར་ཏན་དྲག་ཆས་དམག་དཔུང་གིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ལྐོག་འདྲེན་དང་སིམ་འཛུལ་བྱ་འགུལ་བཀག་འགོག་བྱས་ཏེ། ཅོར་ཏན་གྱི་བདེ་འཇགས་དང་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

ཉེ་བའི་ལོ་འགའི་རིང་ལ། ཅོར་ཏན་དམག་ཕྱོགས་ཀྱིས་ཐེངས་མང་པོར་མི་སྣ་སིམ་འཛུལ་དང་དུག་རྫས་ལྐོག་འདྲེན་གྱི་བྱ་འགུལ་ཕམ་པར་བཏང་བ་ཁྱབ་བསྒྲགས་བྱས་ཤིང་། བྱ་འགུལ་རིགས་འདི་འདྲ་མང་ཆེ་ཤོས་དེ་བྱང་རྒྱུད་ཀྱི་སི་རི་ཡཱའི་འབྲེལ་མཚམས་ཀྱི་མཐའ་མཚམས་ས་ཁུལ་དུ་འབྱུང་བཞིན་ཡོད་ལ། ནུབ་རྒྱུད་ཀྱི་དབྱི་སི་རལ་འབྲེལ་མཚམས་ཀྱི་མཐའ་མཚམས་ས་ཁུལ་དུ་ཅུང་མཐོང་དཀོན་པོ་རེད་ཟེར། ཅོར་ཏན་སྤྱི་སྤྱོད་བདེ་འཇགས་སྡེ་ཁག་གི་བསྡོམས་རྩིས་ལྟར་ན། 2013ལོ་ནས2022ལོའི་བར། ཅོར་ཏན་དུ་ཁྱོན་བསྡོམས་དུག་རྫས་ཉེས་གསོག་དོན་དག་འབུམ་གཅིག་དང་ཁྲི་ལྔ་ལྷག་བྱུང་ཡོད། ཅོར་ཏན་གྱིས་དུག་རྫས་ཉོ་ཚོང་བྱེད་པར་རྡུང་རྡེག་གཏོང་བའི་ནུས་པ་ཇེ་ཆེར་བཏང་ཡོད་ཟེར།

ལྷ་མོ་འཚོས་བསྒྱུར།