ཚེས19ཉིན་ཨ་སེ་པེ་ཅང་གི་རྒྱལ་ས་པ་ཁུའུ་རུ་འཚམས་འདྲི་བྱེད་བཞིན་པའི་ཨུ་རི་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རི་སིས་མུ་མཐུད་དུ་སྤྱོད་རུང་གི་བྱེད་ཐབས་ཡོད་ཚད་སྤྱད་ནས་ཨ་སེ་པེ་ཅང་དང་ཡ་མེ་ཉི་ཡའི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་མ་ཟད། 2020ལོ་དང2022ལོའི་ཕྱོགས་གསུམ་གྱི་གསལ་བསྒྲགས་རྨང་གཞིའི་སྟེང་ཨ་སེ་པེ་ཅང་དང་ཡ་མེ་ཉི་ཡའི་ཞི་བདེའི་ཆིངས་ཡིག་འཇོག་པར་འབད་པ་བྱ་རྒྱུ་ཡིན་ཟེར།
ཕུའུ་ཅིན་གྱིས་ཉིན་དེར་ཨ་སེ་པེ་ཅང་གི་ཙུང་ཐུང་ཨ་ལིས་ཡེ་ཧྥུའུ་དང་གྲོས་མོལ་བྱས་རྗེས་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རི་སི་དེ་ཨ་སེ་པེ་ཅང་དང་ཡ་མེ་ཉི་ཡའི་མཐའ་མཚམས་གཏན་འབེབས་དང་། རྒྱལ་ཁོངས་བརྒལ་བའི་རྒྱུ་ལམ་གགས་མེད་བཟོ་བ་དང་མི་ཆོས་རིང་ལུགས་ཀྱི་འབྲེལ་བ་འཛུགས་པ་སོགས་ཐད་ནས་མཐུན་སྦྱོར་རོགས་ལས་བྱེད་རྒྱུར་འཐད་པ་ཡིན་ཟེར། ཨུ་རི་སི་དང་གོ་ཅ་སོ་ལྷོ་མའི་གནས་བབ་ཀྱི་ལོ་རྒྱུས་ཀྱིས་ཨུ་རི་སི་ལ་ས་གནས་དེའི་ལས་དོན་འཕེལ་རྒྱས་ནང་ཞུགས་པའི་དགོས་ངེས་རང་བཞིན་ཡོད་ཟེར།
ཚེས18ཉིན་གྱི་དགོང་མོར། ཕུའུ་ཅིན་པ་ཁུའུ་རུ་འབྱོར་ནས་ཨ་སེ་པེ་ཅང་དུ་དུས་ཡུན་ཉིན་གཉིས་ཀྱི་རྒྱལ་དོན་འཚམས་འདྲི་བྱེད་མགོ་བརྩམས། འདི་ནི་ཕུའུ་ཅིན་གྱིས2018ལོའི་ཟླ9པའི་ཚུན་དུ་ཨ་སེ་པེ་ཅང་ལ་འཚམས་འདྲི་བྱེད་ཐེངས་ཐོག་མ་རེད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་དང་། ཕྱོགས་གཉིས་ཀྱིས་ད་དུང་ཟས་རིགས་བདེ་འཇགས་དང་། སྨན་བཅོས་བདེ་སྲུང་། གསོ་རིག་སློབ་གསོ། ཚན་རིག ནམ་ཟླའི་འགྱུར་ལྡོག་དང་དངུལ་གཏོང་སོགས་ཁྱབ་ཁོངས་ནས་སྲིད་གཞུང་བར་གྱི་མཉམ་ལས་གྲོས་མཐུན་ཁག་དྲུག་ལ་མིང་རྟགས་བཀོད།
སུའུ་ལེན་མཇུག་སྒྲིལ་རྗེས། ཨ་སེ་པེ་ཅང་དང་ཡ་མེ་ཉི་ཡའི་བར་ནཱ་ཁཱ་ས་ཁུལ་གྱི་བདག་དབང་གནད་དོན་རྐྱེན་བྱས་ནས་དམག་འཁྲུག་བྱུང་བ་རེད། 1994ལོར་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ནས་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་བཀོད་ཀྱང་། ཁཱ་ནཱའི་གནད་དོན་དེས་ད་ལྟའི་བར་ཕན་ཚུན་དགྲ་རུ་ལངས་ཡོད་ཅིང་། དྲག་ཆས་འགལ་བ་དུས་ངེས་མེད་དུ་བྱུང་བཞིན་ཡོད། 2020ལོའི་ཟླ11ཚེས9ཉིན། ཨུ་རི་སི་དང་ཨ་སེ་པེ་ཅང་། ཡ་མེ་ཉི་ཡ་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་གསལ་བསྒྲགས་སྟེང་མིང་རྟགས་བཀོད་ནས། ཁཱ་ནཱ་ས་ཁུལ་གྱི་མོ་སི་ཁོའི་དུས་ཚོད་ཚེས10ཉིན་ནས་བཟུང་། ཕྱོགས་ཡོངས་ནས་དམག་འཁྲུག་མཚམས་བཞག་པ་ཁྱབ་བསྒྲགས་བྱས་པ་དང་། ཨུ་རི་སིས་ཁཱ་ནཱ་ས་ཁུལ་དུ་ཞི་བདེ་སྲུང་སྐྱོབ་མི་སྣ་བཀོད་སྒྲིག་བྱས། 2022ལོའི་ཟླ10ཚེས31ཉིན། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་ཨུ་རི་སིའི་ལྷོ་ཕྱོགས་ཀྱི་མཚོ་འགྲམ་གྲོང་ཁྱེར་སའོ་ཆིས་ནས་ཁཱ་ནཱའི་གནད་དོན་ལ་གཞིགས་ནས་ཕྱོགས་གསུམ་གྱི་གྲོས་མོལ་བྱས་ཤིང་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ། དེའི་སྔོན་གྱི་འབྲེལ་ཡོད་ཐུན་མོང་ངོས་འཛིན་བརྩི་སྲུང་ནན་མོ་བྱེད་དགོས་པ་བསྐྱར་བསྒྲགས་བྱས་པར་མ་ཟད། དྲག་ཆས་མི་སྤྱོད་པ་དང་དྲག་ཆས་ཀྱིས་འཇིགས་སྐུལ་མི་བཟོ་བར་གཅིག་གྱུར་སྒོས་ཡིད་འཐད་བྱུང་།
རིག་འཛིན་སྒྲོལ་མས་བསྒྱུར།