དབྱི་སི་རལ་གྱིས་ཅཱ་ཧྲ་མཁར་དུ་འཇབ་རྒོལ་བྱས་ནས་མི12རྐྱེན་ལམ་དུ་བཏང་།
2024.08.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས20ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཕྱི་དྲོར་ཅཱ་ཧྲ་མཁར་ནུབ་ངོས་ཀྱི་ཉེན་གཡོལ་བྱེད་སའི་སློབ་གྲྭ་ཞིག་ལ་འཇབ་རྒོལ་བྱས་ཏེ། མི12རྐྱེན་ལམ་དུ་བཏང་བ་དང་། གཞན་ཡང་མི་མང་བོ་གར་སོང་རྙེད་མེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། འཇབ་རྒོལ་ཐེབས་པའི་མུའུ་སི་ཐཱ་ཧྥ་ཧཱ་ཧྥེ་ཙི་སློབ་གྲྭར་ཡུལ་འཁྱམས་བྱེད་པའི་མང་ཚོགས་མང་བོ་བསྡུས་ཡོད་ཟེར། གསལ་སྒྲོག་ལས་དབྱི་སི་རལ་གྱིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་མི་དམངས་དམར་གསོད་བཏང་བར་རྒོལ་གཏམ་བཏང་བར་མ་ཟད། ཨ་མེ་རི་ཁའི་སྲིད་གཞུང་གིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་དམར་གསོད་བཏང་བའི་འགན་ཡོངས་སུ་ཁུར་དགོས་པ་དང་། ཨ་མེ་རི་ཁའི་དབྱི་སི་རལ་གྱི་ཆབ་སྲིད་དང་དམག་དོན་གྱི་རྒྱབ་སྐྱོར་མེད་ན། འཇབ་རྒོལ་དོན་རྐྱེན་དེ་དག་ཀྱང་འབྱུང་མི་སྲིད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས20ཉིན་གསལ་སྒྲོག་སྤེལ་ཏེ། ཧཱ་མཱ་སིའི་བཀོད་འདོམ་དང་ཚོད་འཛིན་ལྟེ་གནས་ཤིག་མུའུ་སི་ཐཱ་ཧྥ་ཧཱ་ཧྥེ་ཙི་སློབ་གྲྭའི་ར་སྐོར་ནང་དུ་སྦས་སྐོང་བྱས་ཡོད་ཅིང་། ཧཱ་མཱ་སིའི་དྲག་ཆས་མི་སྣས་གནས་དེར་དབྱི་སི་རལ་གྱི་དམག་དཔུང་དང་དབྱི་སི་རལ་ལ་དམིགས་པའི་འཇབ་རྒོལ་བྱ་འགུལ་འཆར་འགོད་དང་ལག་བསྟར་བྱས་ཡོད། གསང་འཕྲིན་གྱི་རྒྱབ་སྐྱོར་འོག དབྱི་སི་རལ་གྱི་དམག་དཔུང་གིས་ལྟེ་གནས་དེའི་དྲག་ཆས་མི་སྣར་གནད་འཁེལ་ཆམ་ཕབ་བཏང་བ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།