འཇར་པན་འགོག་སྲུང་པུའུ་ཡི་ཁྲུང་ཧྲིན་འགན་སྲུང་ཅུའུ་ཡིས་ཚེས20ཉིན་འཇར་པན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་པེན་ཡེ་ཀུའུ་རྟེན་གཞིའི་ཏཱ་པུའུ་མཚོ་ཁུགས་ས་ཁུལ་ནས་པེན་ཡེ་ཀུའུ་རྟེན་གཞིའི་མཚོ་བསུབས་ནས་སྐམ་ས་བསྐྲུན་པའི་བཟོ་སྐྲུན་དངོས་སུ་མགོ་བརྩམས་པ་དང་། ས་དེའི་མང་ཚོགས་ཀྱིས་དེར་ངོ་རྒོལ་དྲག་པོ་བྱས།
འཇར་པན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཚེས20ཉིན་གྱི་ཕྱི་དྲོར། ལྗིད་འདེགས་འཕྲུལ་ཆས་ཀྱིས་པེན་ཡེ་ཀུའུ་ཡི་ཏཱ་པུའུ་མཚོ་ཁུགས་ཀྱི་མཚོ་འགྲམ་ནས་མཚོ་ནང་དུ་ཀ་རྟེན་རྡེབ་པའི་བྱ་བ་མགོ་བརྩམས་པ་དང་། མང་ཚོགས་མི་ཉུང་བ་ཞིག་གིས་ཆར་བར་མ་འཛེམ་པར་བཟོ་སྐྲུན་ཡུལ་དངོས་ཉེ་འདབས་ཀྱི་ཨ་མེ་རི་ཁའི་དམག་དཔུང་གི་ཧྲི་ཝ་པུའུ་དམག་སྒར་གྱི་མདུན་དུ་སོང་ནས་ངོ་རྒོལ་བྱས། མང་ཚོགས་དག་གིས་ལག་ཏུ་ཨ་མེ་རི་ཁའི་དམག་དོན་རྟེན་གཞི་ཕྱོགས་ཡོངས་ནས་མེད་པར་གཏོང་དགོས་པ་དང་། མཚོ་བསུབས་ནས་སྐམ་ས་བསྐྲུན་པ་གཏན་འགོག་བྱེད་དགོས། ང་ཚོས་སྣང་མེད་དུ་བསྐྱུར་མི་སྲིད་སོགས་ཀྱི་འཕྲེད་བྱང་བཟུང་ཞིང་། ཁ་གཡང་མཐོན་པོར་བསྒྲགས་ནས་འཇར་པན་སྲིད་གཞུང་གིས་འཇར་པན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་པེན་ཡེ་ཀུའུ་རྟེན་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བར་ངོ་རྒོལ་བྱས། བསྟུད་མར་ལོ་ངོ་བཅུའི་རིང་རྔམ་སྟོན་ཁྲོམ་སྐོར་ལ་ཞུགས་པའི་ཞཱ་མིན་ཧོས་ཙི་ཡིས་བཤད་རྒྱུར། སྲིད་གཞུང་གིས་རྩ་ཆེ་བའི་རྒྱ་མཚོ་དང་ཁྲུང་ཧྲིན་ལ་གནོད་པ་ཅི་འདྲ་ཞིག་བཏང་རྗེས་ད་གཟོད་རྨོངས་གཉིད་ལས་སད་ཐུབ་པ་རྟོགས་དཀའ་ཟེར།
དོན་དེའི་ཐད་ནས་ཁྲུང་ཧྲིན་རྫོང་གི་མགོ་བ་ཡུས་ཁྲིན་ཏན་ནེ་ཡིས་ཉིན་དེར་བསྟན་དོན། འཇར་པན་སྲིད་གཞུང་གིས་རྒྱལ་དམངས་ཀྱིས་སྤྲད་པའི་ཁྲལ་དངུལ་ཆུད་ཟོས་སུ་གཏོང་མི་རུང་བ་དང་། མྱུར་མོར་རྟེན་གཞིའི་འཛུགས་སྐྲུན་མཚམས་འཇོག་དགོས་ཟེར།
འཇར་པན་གུང་ཁྲན་ཏང་གི་ཧྲུའུ་ཅི་ཞའོ་ཁྲུ་ཧོང་གིས་ཚེས20ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། པེན་ཡེ་ཀུའུ་རྟེན་གཞིའི་མཚོ་བསུབས་ནས་སྐམ་ས་བསྐྲུན་པའི་བཟོ་སྐྲུན་མགོ་བརྩམས་པ་ནི་ས་གནས་རང་སྐྱོང་དང་དམངས་གཙོ་ལ་རྡོག་བརྫིས་བཏང་བ་ཡིན་པས། དེར་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།