ཁོང་གོ་ཅིན་ནས་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ་མི་བརྒྱ་ཕྲག་འགའ་གར་སོང་རྙེད་མེད།
2024.08.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཁོང་གོ་ཅིན་གྱི་ས་གནས་སྨྱན་བྱད་ཀྱིས་ཚེས20ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་མཱ་དབྱེ་ཨིན་ཏུང་པེ་ཞིང་ཆེན་དུ་ཚེས18ཉིན་གྱི་དགོང་མོར་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་བརྒྱ་ཕྲག་འགའ་གར་སོང་རྙེད་མེད་ཟེར།

ས་དེའི་སྲིད་གཞུང་གི་དཔོན་རིགས་ཀྱིས་བཤད་རྒྱུར། ཚེས18ཉིན་གྱི་དགོང་མོའི་དུས་ཚོད་བདུན་ཡས་མས་སུ། མི་སུམ་བརྒྱ་ལྷག་དྲུད་པའི་གྲུ་གཟིངས་ཤིག་མཱ་དབྱེ་ཨིན་ཏུང་པེ་ཞིང་ཆེན་གྱི་ལུའུ་ཁའེ་ནེ་ཆུ་བོའི་བརྒྱུད་ནས་ནུབ་པ་དང་། ཚེས20ཉིན་བར་མི43སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བ་རྟོགས་པ་དང་བེམ་པོ3རྙེད་ཡོད་ལ། གྲུ་གཟིངས་སྟེང་གི་མི་གཞན་པ་ཚང་མ་གར་སོང་རྙེད་མེད་ཟེར། ས་དེའི་སྲིད་གཞུང་གི་དཔོན་རིགས་ཀྱིས་བཤད་རྒྱུར། གནས་སྐབས་སུ་ཤི་རྨས་ཐེབས་པའི་མི་གྲངས་གཏན་འཁེལ་གསལ་བོ་བྱེད་ཐབས་མེད་ལ། རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།

མཱ་དབྱེ་ཨིན་ཏུང་པེ་ཞིང་ཆེན་གྱི་ཧྲིན་ཀྲང་ཨིན་ཁི་སོ་ལེ་པང་གིས་སྨྱན་བྱད་ལ་བཤད་རྒྱུར། གྲུ་གཟིངས་ནུབ་པའི་དོན་རྐྱེན་ལ་རྟོག་ཞིབ་གསལ་བོ་བྱེད་རྒྱུ་མ་ཟད། འབྲེལ་ཡོད་མི་སྣའི་འགན་འཁྲི་རྩད་གཅོད་བྱེད་རྒྱུ་ཡིན་ཟེར།

ཁོང་གོ་ཅིན་གྱི་མངའ་ཁོངས་སུ་ཆུ་དང་མཚོ་མཚེའུ་སོགས་མང་བོ་ཡོད་ཅིང་། གྲུ་གཟིངས་ལ་སྡོད་པ་ནི་སྡོད་དམངས་དག་འགྲོ་འདུག་བྱེད་པའི་བྱེད་ཐབས་གཙོ་བོ་ཞིག་ཡིན། གྲུ་གཟིངས་རྙིང་རུལ་དུ་གྱུར་བ་དང་ཐེག་ཚད་ལས་བརྒལ་བ་སོགས་རྒྱུ་རྐྱེན་དབང་གིས་གྲུ་གཟིངས་ནུབ་པའི་དོན་རྐྱེན་དུས་ངེས་མེད་དུ་འབྱུང་བཞིན་ཡོད། ད་ལོའི་ཟླ6པར། ཞིང་ཆེན་དེར་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཞིག་བྱུང་ནས། ཉུང་མཐར་ཡང་མི80རྐྱེན་ལམ་དུ་ཤོར།


བསོད་ནམས་ཚེ་རིང་གིས་བསྒྱུར།