ནི་ཁཱ་ར་ཀྭའི་ཕྱི་འབྲེལ་པུའུ་ཀྲང་མིན་ཁཱ་ཏཱ་ཡིས་ཚེས19ཉིན་རྒྱལ་ས་མཱ་ནཱ་ཀྭ་ནས་བསྟན་དོན། ནི་ཁཱ་ར་ཀྭསྲིད་གཞུང་གིས་ཨ་མེ་རི་ཁས་ལོ་མང་བོའི་རིང་ལ་ཨ་མེ་རི་ཁའི་རྒྱལ་ཁབ་དམངས་གཙོ་ཐེབས་རྩ་ཚོགས་པ་བེད་སྤྱད་དེ་རྒྱལ་ཁབ་མང་བོར་མ་དངུལ་བཏང་སྟེ། རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་དང་རྒྱལ་ཁབ་གཞན་པའི་ཁྲིམས་མཐུན་སྲིད་དབང་རྩ་རྫོགས་བྱེད་པའི་བྱ་འགུལ་སྤེལ་བཞིན་ཡོད་ཟེར།
མིན་ཁཱ་ཏཱ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁས་བལྟས་ན་གསར་དར་ཚོང་རའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལས་རང་གི་བཙན་དབང་གོ་གནས་ལ་འཇིགས་ཉེན་བཟོས་ཡོད་པར་འདོད་པ་དང་། ཨ་མེ་རི་ཁའི་རྒྱལ་ཁབ་དམངས་གཙོ་ཐེབས་རྩ་ཚོགས་པ་བེད་སྤྱད་དེ། རྒྱལ་ཁབ་མི་འདྲ་བར་གཏན་འཇགས་ལ་གཏོར་བརླག་གཏོང་བ་དང་སྲིད་འགྱུར་སློང་བའི་དམིགས་འབེན་ཚོད་ལྟ་བྱེད་བཞིན་ཡོད་པས། དེར་རྒོལ་གཏམ་དྲག་པོ་གཏོང་དགོས་ལ་ང་ཚོས་དེར་ངོ་རྒོལ་བྱེད་བཞིན་ཡོད་ཟེར།
མིན་ཁཱ་ཏཱ་ཡིས་བསྟན་དོན། ཨ་མེ་རི་ཁའི་རྒྱལ་ཁབ་དམངས་གཙོ་ཐེབས་རྩ་ཚོགས་པར་ཨ་མེ་རི་ཁའི་གསང་འཕྲིན་ཅུའུ་གཉིས་པའི་མིང་ཐོགས་ཡོད་པ་དང་། ནམ་རྒྱུན་དུ་ཨ་མེ་རི་ཁའི་ཨེ་ཤ་ཡཱ་དང་ཨ་ཧྥེ་རི་ཁ་གླིང་། ལཱ་ཏེན་མེ་གླིང་། ཅཱ་ལེ་པུས་ས་ཁུལ། དབུས་ཤར། ཡོ་རོབ་གླིང་ཤར་མ་བཅས་སུ་འཕོང་དཀྲུག་བྱ་འགུལ་སྤེལ་བའི་ཡོ་བྱད་ལྟ་བུར་གྱུར་ཡོད་ཟེར།
མིན་ཁཱ་ཏཱ་ཡིས་བཤད་རྒྱུར། དུས་རབས20པའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་། ཨ་མེ་རི་ཁའི་རྒྱལ་ཁབ་དམངས་གཙོ་ཐེབས་རྩ་ཚོགས་པས་ནི་ཁཱ་ར་ཀྭའི་སྲིད་གཞུང་ལ་དམིགས་པའི་ངོ་རྒོལ་འགུལ་སྐྱོད་ལ་ངན་སྐུལ་བྱས་པ་དང་། 2018ལོར་ནི་ཁཱ་ར་ཀྭ་ནས་འཁྲུག་རྩོད་དོན་རྐྱེན་བྱུང་སྐབས། ཨ་མེ་རི་ཁའི་རྒྱལ་ཁབ་དམངས་གཙོ་ཐེབས་རྩ་ཚོགས་པས་ཁོ་ཚོས་འདོད་བཞིན་པའི་དམངས་ཁྲོད་ཀྱི་སྤྱི་ཚོགས་རྩ་འཛུགས་དང་། སྲིད་གཞུང་མ་ཡིན་པའི་རྩ་འཛུགས། འགྲོ་མིའི་ཐོབ་ཐང་རྩ་འཛུགས། གཡས་ཕྱོགས་སྨྱན་བྱད་སོགས་ལ་མེ་སྒོར་བྱེ་བ་མང་བོའི་མ་དངུལ་འདོན་སྤྲོད་བྱས་ནས། སིང་ཏིས་ནོའུ་མི་རིགས་བཅིངས་འགྲོལ་འཐབ་ཕྱོགས་ཀྱིས་མགོ་ཁྲིད་པའི་སྲིད་གཞུང་རྩ་རྫོགས་བྱེད་རྩིས་བྱས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།