ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས20ཉིན་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པའི་དུས་ལ་བབས་ཡོད་ཟེར།
ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཕྱོགས་གཉིས་ཀྱིས་ཐུག་འཕྲད་བྱེད་སྐབས་ཉེ་སྔོན་ཏའོ་ཧཱ་ནས་བསྡུས་པའི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་གྱི་མཇུག་འབྲས་དང་། ཇི་ལྟར་ཁེ་རོ་ནས་མུ་མཐུད་དུ་གྲོས་མོལ་བྱས་ཏེ་གྲུབ་འབྲས་ལོན་པར་བྱེད་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། སེ་ཞི་ཡིས་བཤད་རྒྱུར། རྒྱུན་བསྲིངས་པའི་འཐབ་འཁྲུག་མཇུག་སྒྲིལ་བ་དང་། ལུགས་མཐུན་གྱི་བློ་གྲོས་འདོན་དགོས་ལ། ཞི་བདེའི་ཕྱི་འབྲེལ་རྒྱུན་འཁྱོངས་བྱེད་པའི་དུས་ལ་བབས་ཡོད་ཟེར།
སེ་ཞི་ཡིས་བསྟན་དོན། ཁྲག་བཞུར་འཁྲུག་རྩོད་འབྱུང་བ་སྔོན་འགོག་བྱེད་པ་ནི་ཕྱོགས་སོ་སོའི་འགུལ་སྐྱོད་ཀྱི་སྒུལ་ཤུགས་གཙོ་བོ་ཡིན་པ་དང་། འཁྲུག་རྩོད་མཚམས་འཇོག་པ་ནི་ཅཱ་ཧྲ་ས་ཁུལ་གཏན་འཇགས་ཡོང་བའི་གཞི་རྩའི་འགན་སྲུང་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་རྒྱ་ཆེར་བར་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱེད་པའི་མགོ་རྩོམ་སའང་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། པུའུ་ལིན་ཁུན་གྱིས་སེ་ཞི་ལ་དབྱི་སི་རལ་དུ་འཚམས་འདྲི་བྱས་པའི་གནས་ཚུལ་སྙན་ཞུ་བྱས་པ་དང་། ཁོས་ཨེ་ཅིབ་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ཐད་འཛུགས་སྐྲུན་རང་བཞིན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པར་གཟེངས་བསྟོད་བྱས།
སྐོར་ཐེངས་གསར་བའི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ནི་ཚེས15ཉིན་ཁཱ་ཐར་གྱི་ཏའོ་ཧཱ་ནས་བསྡུས། དབྱི་སི་རལ་དང་ཁཱ་ཐར། ཨ་མེ་རི་ཁ། ཨེ་ཅིབ་བཅས་རྒྱལ་ཁབ་བཞིའི་འཐུས་མི་ཞུགས་ཡོད་ལ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་འཐུས་མི་ཞུགས་མེད། རྒྱལ་ཁབ་བཞིའི་འཐུས་མིས་གཟའ་འཁོར་འདིའི་མཇུག་བར་དུ་ཁེ་རོ་ནས་མུ་མཐུད་དུ་གྲོས་མོལ་བྱས་ནས་མཇུག་མཐའི་གྲོས་མཐུན་འགོད་པར་རེ་བཞིན་ཡོད་པ་རེད།
པུའུ་ལིན་ཁུན་གྱིས་ཚེས19ཉིན་དབྱི་སི་རལ་དུ་འཚམས་འདྲི་བྱས་པ་དང་། ཨེ་ཅིབ་ཀྱི་རྗེས་ནས་ད་རུང་ཁཱ་ཐར་དུ་འཚམས་འདྲི་བྱེད་རྒྱུ་རེད། སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་དེ་ན་ནིང་གི་ཟླ10བའི་ཚེས7ཉིན་བྱུང་བའི་ཚུན་ལ། དེ་ནི་པུའུ་ལིན་ཁུན་གྱིས་ཐེངས་དགུ་བར་དབུས་ཤར་ས་ཁུལ་དུ་འཚམས་འདྲི་བྱས་པ་རེད། ཨ་མེ་རི་ཁས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ཁྲོད་དུ་དབྱི་སི་རལ་ལ་རྒྱབ་སྐྱོར་བྱས་པའི་དབང་གིས། འཁྲུག་རྩོད་མཚམས་འཇོག་པར་བར་འདུམ་བྱེད་པའི་ལྷག་བསམ་དང་དམིགས་ཡུལ་ལ་མི་ཀུན་དོགས་པ་ཟ་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།