ཡེ་མིན་ནུབ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཧི་ཐེ་ཏཱ་དང་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཡཱ་ཏེན་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚེས21ཉིན་ཚོང་དོན་གྲུ་གཟིངས་གཉིས་ལ་འཇབ་རྒོལ་ཐེབས་པ་དང་། དེའི་རྗེས་སུ་ཨ་མེ་རི་ཁ་དང་དབྱིན་ཇིའི་མཉམ་འབྲེལ་དམག་དཔུང་གིས་ཧི་ཐེ་ཏཱ་ཡི་སེ་ལེ་ཧྥུའུ་ས་ཁུལ་དུ་བར་སྣང་འཇབ་རྒོལ་ཐེངས་གསུམ་བྱས་པ་རེད།
ཡེ་མིན་གྱི་མཚོ་དམག་གི་མཐོ་རིམ་དམག་དཔོན་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཞི་ལཱའི་རྒྱལ་དར་བཀལ་བའི་སུའུ་ནེ་ཝུན་རྟགས་ཅན་གྱི་ཚོང་དོན་གྲུ་གཟིངས་ལ་ཚེས21ཉིན་ཧི་ཐེ་ཏཱའི་ནུབ་ངོས་ཀྱི་མཚོ་ལེ77.5ཡོད་པའི་མཚོ་དམར་མཚོ་ཁོངས་ནས་ཡེ་མིན་དྲག་ཆས་པའི་འཇབ་རྒོལ་ཐེབས་ཟེར།
དམག་དཔོན་དེས་བཤད་རྒྱུར། ཧུའུ་སེ་དྲག་ཆས་མི་སྣས་སུའུ་ནེ་ཝུན་རྟགས་ཅན་གྱི་གྲུ་གཟིངས་བསྡད་ནས་ཞིབ་བཤེར་དང་ལེན་བྱེད་དགོས་པའི་རེ་བ་བཏོན་པ་དང་། རེ་བ་དང་ལེན་མ་བྱས་པས་ཚོང་དོན་གྲུ་གཟིངས་ཀྱི་བདེ་སྲུང་མི་སྣའི་བར་འཁྲུག་རྩོད་བྱས་པ་རེད། ཧུའུ་སེ་དྲག་ཆས་པས་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་ནས་ཚོང་དོན་གྲུ་གཟིངས་སྟེང་གི་གྲུ་བ་ཞིག་ལ་རྨས་ཕོག་ཡོད། ཧུའུ་སེ་དྲག་ཆས་པས་ད་རུང་མི་མེད་གནམ་གྲུ་སོགས་བཀོལ་ནས་ཚོང་དོན་གྲུ་གཟིངས་ལ་འཇབ་རྒོལ་བྱས་ཏེ། ཚོང་དོན་གྲུ་གཟིངས་དེར་གནོད་པ་ཚབས་ཆེན་ཐེབས་ནས་ཚོད་འཛིན་བྱེད་ཐབས་མེད་པའི་རྣམ་པར་གནས་ཡོད་ཟེར།
མིག་སྔའི་བར་དུ་ཧུའུ་སེ་དྲག་ཆས་པས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་བསྒྲགས་བྱས་མེད།
གཞན་ཡང་དབྱིན་ཇིའི་མཚོ་ཐོག་ཉོ་ཚོང་འགུལ་སྐྱོད་གཞུང་སྒྲུབ་ཁང་གིས་ཚེས21ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཚོང་དོན་གྲུ་གཟིངས་ཤིག་ལ་ཉིན་དེའི་ཕྱི་དྲོར་ཡཱ་ཏེན་ལྷོ་ངོས་ཀྱི་མཚོ་ལེ57ཡོད་པའི་གནས་སུ་འཇབ་རྒོལ་ཐེབས། ཚོང་དོན་གྲུ་གཟིངས་དེའི་ཉེ་འདབས་སུ་སྔ་གཞུག་ཏུ་ཐེངས་གསུམ་ལ་འགས་གཏོར་བྱུང་ཡང་། གྲུ་གཟིངས་ལ་གཏོར་བརླ་ཐེབས་མེད་པ་དང་གྲུ་བ་བདེ་འཇགས་ཡིན་ལ། དམིགས་སའི་གྲུ་ཁར་བགྲོད་བཞིན་ཡོད་ཟེར།
ཚེས21ཉིན་གྱི་དགོང་མོར། ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་དབྱིན་ཇིའི་མཉམ་འབྲེལ་དམག་དཔུང་གིས་ཧི་ཐེ་ཏཱའི་སེ་ལེ་ཧྥུའུ་ས་ཁུལ་དུ་བར་སྣང་འཇབ་རྒོལ་ཐེངས་གསུམ་བྱས་ཟེར། བསྒྲགས་པའི་གནས་ཚུལ་ལས་ཤི་རྨས་བཟོས་པའི་བྱེ་བྲག་གི་གནས་ཚུལ་ཞིབ་ཏུ་གླེང་མེད། ཧི་ཐེ་ཏཱའི་སྡོད་དམངས་ཀྱིས་གསར་འགོད་པར་བཤད་རྒྱུར། ཁོ་ཚོས་འགས་གཏོར་གྱི་སྒྲ་ཐོས་པ་དང་། སེ་ལེ་ཧྥུའུ་ས་ཁུལ་གྱི་ཧུའུ་སེ་དྲག་ཆས་པའི་དམག་དོན་ས་ཚིགས་ཤིག་ཏུ་དུད་ནག་འཕྱུར་བཞིན་ཡོད་པ་དང་། མྱུར་སྐྱོབ་རླངས་འཁོར་དག་ཡུལ་དངོས་སུ་འགྲོ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།