དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་གིས་ཧཱ་མཱ་སིའི་ལཱ་ཧྥ་སྟོང་ཤོག་ཕམ་ཉེས་སུ་བཏང་ཡོད་པའི་ཚུལ་བསྟན།
2024.08.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཅཱ་ལན་ཐི་ཡིས་ཚེས21ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་སྟོང་ཤོག་ཕམ་ཉེས་སུ་བཏང་ཡོད་ཟེར།

དབྱི་སི་རལ་སྲིད་གཞུང་གི་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས21ཉིན་གསལ་སྒྲོག་སྤེལ་ཏེ། ཅཱ་ལན་ཐི་ཡིས་ཉིན་དེར་ཅཱ་ཧྲ་ས་ཁུལ་གྱི་ཨེ་ཅིབ་དང་འདབས་འབྲེལ་དུ་ཡོད་པའི་ཧྥེ་མཁར་བར་ཁྱམས་སུ་རྟོག་ཞིབ་བྱས་པ་དང་། དབྱི་སི་རལ་གྱི་མཐོ་རིམ་དམག་དཔོན་དང་མཉམ་དུ་འཐབ་འཁྲུག་གི་གནས་བབ་ལ་དཔྱད་འཇོག་བྱེད་པའི་གྲོས་ཚོགས་བསྡུས། ཅཱ་ལན་ཐི་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཧཱ་མཱ་སིའི་ལཱ་ཧྥ་སྟོང་ཤོག་ཕམ་ཉེས་སུ་བཏང་ཡོད་པར་མ་ཟད། ལཱ་ཧྥ་ས་ཁུལ་གྱི་ས་འོག་ཕུག་ལམ150ལྷག་གཏོར་བཤིག་བཏང་ཡོད་ཟེར། ཁོས་ད་རུང་དམག་དཔུང་གི་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་ས་ཁུལ་དེའི་ས་འོག་ཕུག་ལམ་ལྷག་འཕྲོ་གཏོར་བཤིག་གཏོང་དགོས་པའི་མཛུབ་སྟོན་གནང་།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ཏེ། སྨྱན་བྱད་ཀྱིས་བསྒྲགས་པའི་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཧྥེ་མཁར་བར་ཁྱམས་ནས་དམག་དཔུང་ཕྱིར་འཐེན་བྱེད་པར་འཐད་པ་བྱུང་བའི་གནས་ཚུལ་དེ་དོན་དངོས་མིན་པ་དང་། དབྱི་སི་རལ་གྱིས་བདེ་འཇགས་ནེ་ཀི་གཏན་འཁེད་བྱེད་པའི་དམིགས་འབེན་ཚང་མ་མངོན་འགྱུར་བྱེད་པ་རྒྱུན་བྱེད་རྒྱུ་ཡིན་ལ། ཅཱ་ཧྲ་ས་ཁུལ་གྱིས་དུས་ནམ་ཡང་དབྱི་སི་རལ་ལ་བདེ་འཇགས་འཇིགས་ཉེན་བཟོ་མི་ཐུབ་པར་བྱེད་རྒྱུ་ཡིན་ཟེར།

ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འབྲེལ་ཡོད་མི་སྣས་ཚེས21ཉིན་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་སློབ་གྲྭ་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག འཇབ་རྒོལ་ཐེབས་པའི་སཱ་ལཱ་ཧི་ཏེན་སློབ་གྲྭའི་ནང་ཡུལ་འཁྱམས་བྱེད་པའི་མང་ཚོགས་མང་བོ་བསྡུ་ལེན་བྱས་ཡོད་ལ། དེའི་ནང་གནོད་ཐེབས་མཁན་གྱི་གྲས་སུ་བྱིས་པའང་འདུས་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། གསང་འཕྲིན་གཞིར་བཟུང་ནས་དབྱི་སི་རལ་གྱི་མཁའ་དམག་གིས་སཱ་ལཱ་ཧི་ཏེན་སློབ་གྲྭའི་ནང་གི་ཧཱ་མཱ་སིའི་བཀོད་འདོམས་དང་ཚོད་འཛིན་ལྟེ་གནས་ཤིག་ལ་གནད་འཁེལ་ཆམ་ཕབ་བཏང་བ་དང་། ཧཱ་མཱ་སིའི་ཁོངས་མིས་གནས་དེ་སྦས་སྐོང་བྱེད་ས་དང་རྟེན་གཞི་རུ་བྱས་ནས། དབྱི་སི་རལ་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་འཆར་འགོད་ལག་བསྟར་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།