ཐུ་ནི་ཞི་ཡཱའི་ཙུང་ལི་ཡིས་ཀྲུང་གོའི་བར་དཔལ་འབྱོར་མཉམ་ལས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་འདོད་ཡོད་པའི་ཚུལ་བསྟན།
2024.08.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཐུ་ནི་ཞི་ཡཱའི་ཙུང་ལི་མཱ་ཏུའུ་ལི་ཡིས་ཉེ་སྔོན་ཐུ་ནི་ཞི་ཡཱ་དང་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བར་གདེང་འཇོག་ཆེན་པོ་བྱས་པ་དང་། ཐུ་ནི་ཞི་ཡཱ་ཕྱོགས་ཀྱིས་ཀྲུང་གོའི་བར་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གོ་སྐབས་མཉམ་སྤྱོད་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མཱ་ཏུའུ་ལི་ཡིས་ཚེས20ཉིན་ཐུ་ནི་ཞི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝན་ལེ་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ད་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ60འགོར་བའི་ལོ་ཡིན་པ་དང་། ཐུ་ནི་ཞི་ཡཱའི་ཙུང་ཐུང་སེ་དབྱེ་ཏི་ཡིས་ཅང་མ་འགོར་བའི་སྔོན་ཀྲུང་གོར་འཚམས་འདྲི་བྱས་ནས། ཐུ་ནི་ཞི་ཡཱ་དང་ཀྲུང་གོས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱ་བསྐྱེད་པའི་ཐད་སྒུལ་ཤུགས་གསར་བ་ཁ་སྣོན་བྱས་ཡོད་ཟེར།

ཝན་ལེ་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐུ་ནི་ཞི་ཡཱ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་ཟོལ་མེད་ཀྱིས་དངོས་འབེབས་བྱེད་པ་དང་། ཆབ་སྲིད་ཀྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ད་རུང་ཐུ་ནི་ཞི་ཡཱ་ཟླ9བའི་ཚེས4ཉིན་ནས་ཚེས6ཉིན་བར་པེ་ཅིང་ནས་བསྡུ་རྒྱུ་ཡིན་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།