ཟླ8པའི་ཚེས21ཉིན་ནི་འཇིགས་སྐུལ་རིང་ལུགས་ཀྱི་གནོད་ཐེབས་མཁན་ལ་རྗེས་དྲན་དང་མྱ་ངན་ཞུ་བའི་རྒྱལ་སྤྱིའི་ཉིན་མོ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིན་དེར་བྱ་འགུལ་སྤེལ་ནས། འཇིགས་སྐུལ་རིང་ལུགས་ཀྱི་གནོད་ཐེབས་མཁན་དང་སྲོག་ཉེན་ལས་ཐར་བའི་མིར་གུས་འདུད་ཞུས་པར་མ་ཟད། མི་རྣམས་ལ་འཇིགས་སྐུལ་རིང་ལུགས་དེ་འཛམ་གླིང་འདིའི་སྟེང་གནས་སའི་ས་མེད་པ་གསལ་འདེབས་བྱས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉིན་དེར་བརྗོད་སྙིང་ནི་ཞི་བདེའི་འབོད་སྒྲ་སྟེ་འཇིགས་སྐུལ་རིང་ལུགས་ཀྱི་གནོད་ཐེབས་མཁན་དེ་ཞི་བདེའི་གྲོས་འདོན་མཁན་དང་སློབ་གསོ་མཁན་དུ་བྱེད་དགོས་ཞེས་པ་ཡིན་པའི་དྲ་ཐོག་གི་རིམ་པ་མཐོ་བའི་བྱ་འགུལ་སྟེང་བརྙན་རིས་ཞུ་ཚིག་ཕུལ་ཏེ། འཇིགས་སྐུལ་རིང་ལུགས་བྱ་སྤྱོད་ལས་བློ་ཡུལ་ལས་འདས་པའི་སྐྱོ་སྡུག་འབྱུང་བཞིན་ཡོད་ཅིང་། ཁ་འཐོར་དུ་བཏང་བའི་ཁྱིམ་ཚང་དང་སྡེ་ཁུལ་ལ་དུས་གཏན་རང་བཞིན་གྱི་འགྱུར་ལྡོག་བཟོས་ཡོད་ལ། དེ་ལས་བཟོས་པའི་རྨ་ཁ་དེ་དུས་གཏན་དུ་སངས་དྲགས་ལ་འགྲོ་ཐབས་མེད་ཟེར།
ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མི་སྒེར་གྱི་གནོད་སྐྱོན་ལ་བརྟེན་ནས་མི་གཞན་པར་སློབ་གསོ་གཏོང་བ་ནི་བློ་སྤོབས་ཆེ་བའི་བྱ་སྤྱོད་ཅིག་ཡིན་པ་དང་། འཇིགས་སྐུལ་རིང་ལུགས་ཀྱི་གནོད་ཐེབས་མཁན་ལ་རྗེས་དྲན་དང་མྱ་ངན་ཞུ་བའི་རྒྱལ་སྤྱིའི་ཉིན་མོའི་འབྲེལ་ཡོད་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་མི་རྣམས་ཀྱིས་དེར་ཞིབ་ཉན་དང་སློབ་སྦྱོང་བྱེད་པར་སྐུལ་མ་གཏོང་བ་དང་། མི་རྣམས་ལ་དུས་ནམ་ཡིན་ཡང་ངེས་པར་དུ་རེ་བའི་འོད་སྣང་འཚོལ་ཞིབ་བྱེད་དགོས་པའི་གསལ་འདེབས་བྱས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཇིགས་སྐུལ་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་བོ་ལུང་ཁི་ཧྥུའུ་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྔར་ལས་མང་བའི་འཇིགས་སྐུལ་རིང་ལུགས་ཀྱི་གནོད་ཐེབས་མཁན་འབྱུང་བར་སྔོན་འགོག་བྱེད་པའི་དམ་བཅའ་བརྟན་ཞིང་འགྱུར་མེད་ཡིན་པ་དང་། གནོད་ཐེབས་མཁན་གྱི་གནས་ཚུལ་ལ་ཞིབ་ཏུ་ཉན་ནས། འཇིགས་སྐུལ་རིང་ལུགས་ལ་འཛམ་གླིང་འདིའི་སྟེང་གནས་སའི་ས་མེད་པ་གསལ་འདེབས་བྱེད་དགོས་ཟེར།
དེའི་རྗེས་སུ་བསྡུས་པའི་དྲ་ཐོག་གི་ཚན་ཆུང་བགྲོ་གླེང་ཚོགས་འདུའི་སྟེང་། འཇིགས་སྐུལ་རིང་ལུགས་ཀྱི་གནོད་ཐེབས་མཁན་དང་སྲོག་ཉེན་ལས་ཐར་བའི་མི། གནོད་ཐེབས་མཁན་མཐུན་ཚོགས། འབྲེལ་ཡོད་ཀྱི་ཆེད་མཁས་པ་བཅས་ཀྱིས་གནོད་ཐེབས་མཁན་གྱི་འབོད་སྐུལ་དེའི་མི་རྣམས་ཀྱི་འཇིགས་སྐུལ་རིང་ལུགས་ཀྱི་ངོས་ཟིན་མཐོར་འདེགས་དང་ཞི་བདེའི་འཛུགས་སྐྲུན། སྔར་ལས་བབ་བསྟུན་རང་བཞིན་ལྡན་པའི་སྡེ་ཁུལ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་ཐད་ཀྱི་ནུས་པར་གྲོས་བསྡུར་བྱས།
དེ་ལས་གཞན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ད་རུང་འགྲེམ་སྟོན་བྱ་འགུལ་སྤེལ་ཏེ། འཇིགས་སྐུལ་རིང་ལུགས་ཀྱི་གནོད་ཐེབས་མཁན་དང་སྲོག་ཉེན་ལས་ཐར་བའི་མིའི་འདྲ་པར་འགྲེམ་སྟོན་བྱས་པར་མ་ཟད། གནོད་ཐེབས་མཁན་དང་སྲོག་ཉེན་ལས་ཐར་བའི་མིའི་བཅར་འདྲིའི་བརྙན་རིས་བསྟན།
མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས2017ལོར་གྲོས་ཆོད་བཀོད་དེ། ལོ་རེའི་ཟླ8པའི་ཚེས21ཉིན་དེ་འཇིགས་སྐུལ་རིང་ལུགས་ཀྱི་གནོད་ཐེབས་མཁན་ལ་རྗེས་དྲན་དང་མྱ་ངན་ཞུ་བའི་རྒྱལ་སྤྱིའི་ཉིན་མོར་གཏན་འཁེལ་བྱེད་རྒྱུ་ཐག་བཅད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།