ཚེས22ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་སྡོད་པའི་ཀྲུང་གོའི་འཐུས་མི་ཧྥུའུ་ཚུང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཁྱབ་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་སྐབས། རྨོངས་དད་ཀྱིས་དམག་དོན་བྱེད་ཐབས་ལ་བརྟེན་ནས་ཅཱ་ཧྲ་ས་ཁུལ་དུ“མཐའ་གཅིག་ཏུ་རྒྱལ་ཁ”ཐོབ་པ་མངོན་འགྱུར་བྱས་ཚེ། ཉེས་མེད་མི་སེར་སྔར་ལས་མང་པོ་ཞིག་ལ་ཤི་རྨས་འབྱུང་སྲིད་པ་ལས་བཀག་ཉར་མི་སྣ་སྐྱོབ་པར་ཆ་རྐྱེན་ཅི་ཡང་བསྐྲུན་མི་ཐུབ་པ་དང་། དབྱི་སི་རལ་དང་ས་ཁུལ་དེ་དག་ལ་ཞི་བདེ་དང་བརྟན་འཇགས་ཀྱང་ཡོང་མི་སྲིད། དམག་འཁྲུག་མཚམས་འཇོག་པར་གྲོས་མོལ་བྱེད་པ་དང་ཆབ་སྲིད་ལ་བརྟེནནས་ཐག་གཅོད་བྱེད་རྒྱུ་ནི་གཞི་ནས་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ལམ་ཡིན་པ་ནན་གྱིས་བསྟན།
ཧྥུའུ་ཚུང་གིས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དམག་འཁྲུག་མཚམས་འཇོག་པར་ཡང་དང་བསྐྱར་དུ་འབོད་དྲག་པོ་གཏོང་བཞིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་དང་རྒྱལ་སྤྱིའི་ཁྲིམས་ཁང་བཅས་ཚང་མས་བླང་བྱ་གསལ་བོ་བཏོན་ཡོད། འོན་ཀྱང་དབྱི་སི་རལ་གྱིས་ཐོས་ཀྱང་མ་ཐོས་པ་ལྟར་དམག་འཁྲུག་མཚམས་འཇོག་པའི་རྣམ་འགྱུར་ཅི་ཡང་བསྟན་མེད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་2735པར་གྲོས་འཆམ་བྱུང་ནས་ཟླ་བ་གཉིས་ལྷག་ཙམ་སོང་མོད། འོན་ཀྱང་ཅཱ་ཧྲ་ས་ཁུལ་དུ་དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་དམག་དོན་བྱ་སྤྱོད་ སྤེལ་ནས། ཉིན་རེར་བཞིན་མི་སྣ་ཤི་རྨས་ཀྱི་དོན་རྐྱེན་གསར་བ་བཟོ་བཞིན་ཡོད་པ་རེད། དེ་དང་མཉམ་དུ་དབྱི་སི་རལ་ཕྱོགས་ཀྱིས་འཁྲུག་རྐྱེན་སློང་བ་དང་ཉེན་ཁའི་བྱ་སྤྱོད་ཡང་ཡང་སྤེལ་བཞིན་ཡོད་པས། གདོང་ཐུག་ཕྱི་ལ་མཆེད་པའི་གནས་བབ་ཛ་དྲག་ཆེ་ཞིང་དབུས་ཤར་ས་ཁུལ་གྱི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་ཟེར།
ཧྥུའུ་ཚུང་གིས་བསྟན་དོན། མི་ཆོས་ཀྱི་གནད་དོན་དེ་ཆབ་སྲིད་ཅན་དུ་འགྱུར་མི་རུང་བ་དང་། བཀྲེས་ལྟོགས་དེ་མཚོན་ཆར་འགྱུར་མི་རུང་། མི་སེར་གྱི་ཚེ་སྲོག་དེ་གྲོས་མོལ་གྱི་ལག་ཆར་འགྱུར་མི་རུང་། དབྱི་སི་རལ་གྱིས་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ཀྱི་འོས་འགན་ལག་བསྟར་བྱས་ནས། རྒྱལ་མཚམས་སྒྲོལ་བའི་ས་ཚིགས་ཚང་མ་སྒོ་འབྱེད་བྱས་ཏེ་མི་ཆོས་དངོས་ཟོག་མགྱོགས་མྱུར་དང་། གཞི་ཁྱོན་ཆེ་བ། བདེ་འཇགས་བཅས་ཀྱི་སྒོ་ནས་ཆོག་འཐུས་ཡོང་བའི་འགན་ལེན་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་དེ་བཞིན་མི་ཆོས་སྒྲིག་གཞིར་ཚོད་འཛིན་དང་ཕར་རྒོལ་བྱེད་མཚམས་བཞག་ནས། ཅཱ་ཧྲ་ས་ཁུལ་དུ་རྒྱུངས་སྐྱའི་གཉན་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་འཆར་གཞི་ལག་བསྟར་བྱེད་པར་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས།
ཧྥུའུ་ཚུང་གིས་ཐུན་མོང་གི་བདེ་འཇགས་འདུ་ཤེས་རྒྱུན་འཁྱོངས་བྱས་ཚེ་གཞི་ནས་རྒྱུན་མཐུད་བདེ་འཇགས་མངོན་འགྱུར་ཡོང་ཐུབ། ས་ཁུལ་གྱི་ཞི་བདེ་དེ་ངེས་པར་དུ་ཕྱོགས་སོ་སོས་འགན་འཁུར་བའི་རྣམ་འགྱུར་བཟུང་ནས་འཛུགས་སྐྲུན་གྱི་ཁྲོད་དུ་ཞུགས་དགོས། ཕཱ་ལེ་སི་ཐན་རང་བཙན་རྒྱལ་ཁབ་འཛུགས་པ་མངོན་འགྱུར་བྱེད་པ་དང“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དོན་འཁྱོལ་བྱེད་རྒྱུ་ནི། ཆབ་སྲིད་ལ་བརྟེན་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པའི་ལག་བསྟར་ཐབས་ལམ་གལ་ཆེན་ཞིག་རེད།
ཧྥུའུ་ཚུང་གིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་དབྱི་སི་རལ་ལ་ཅཱ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་མཐའ་དག་མྱུར་དུ་མཚམས་འཇོག་པ་དང་། ས་ཁུལ་གྱི་དུས་བབ་རིམ་སྤོར་ལ་སྐུལ་མ་གཏོང་བའི་བྱ་སྤྱོད་མྱུར་དུ་མཚམས་འཇོག་པ། ཅཱ་ཧྲར་དམག་འཁྲུག་མཚམས་འཇོག་པར་འགོག་རྐྱེན་བཟོ་བ་མྱུར་དུ་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་ལ་ལྷག་བསམ་ཟོལ་མེད་དང་། དྲང་གཞག འགན་འཁུར་བཅས་ཀྱི་རྣམ་འགྱུར་བསྟན་ནས། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྔ་མོ་ནས་མཚམས་འཇོག་རྒྱུ་དང་མི་སེར་དམར་གསོད་གཏོང་མཚམས་འཇོག་པར་སྐུལ་འདེད་གཏོང་རྒྱུ་ཡིན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འབྲེལ་ཡོད་གྲོས་ཆོད་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་ཅཱ་ཧྲའི་དམག་འཁྲུག་མཚམས་འཇོག་པར་སྔར་ལས་དགོས་ངེས་ཀྱི་བྱ་སྤྱོད་སྤེལ་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཅཱ་ཧྲའི་དམག་འཁྲུག་གི་མེ་ལྕེ་སྔ་ཙམ་ནས་ཞི་འཇགས་སུ་གཏོང་བ་དང་། མི་ཆོས་ཀྱི་གནོད་འཚེ་ཞི་ལྷོད་དུ་གཏོང་བ།“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དོན་འཁྱོལ་བྱེད་པ། དབུས་ཤར་ས་ཁུལ་ཡུན་རིང་བདེ་འཇགས་ཡོང་བ་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།