ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཚབ་མས་སྐབས་གསར་བའི་སྲིད་གཞུང་གིས་མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་བར་གྱི་མཛའ་མཐུན་སྲིད་ཇུས་ལག་བསྟར་བྱེད་རྒྱུའི་ཚུལ་བསྟན།
2024.08.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཚབ་མ་མཱ་ཧྲ་ཏིས་ལའེ་ཡིས་ཚེས22ཉིན་བསྟན་དོན། ཨ་ཧྥེ་རི་ཁ་ལྷོ་མའི་སྐབས་གསར་བའི་སྲིད་གཞུང་གིས་མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་བར་གྱི་མཛའ་མཐུན་སྲིད་ཇུས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མཱ་ཧྲ་ཏིས་ལའེ་ཡིས་ཉིན་དེར་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་རྒྱལ་ས་པུས་ལེ་ཐའོ་ལེ་ཡཱ་ནས་ཨ་ཧྥེ་རི་ཁར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝུའུ་ཕིན་གྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བསྟན་དོན། ཨ་ཧྥེ་རི་ཁ་ལྷོ་མ་དང་ཀྲུང་གོའི་མཛའ་མཐུན་ལོ་རྒྱུས་ཡུན་རིང་ཞིང་། ཨ་ཧྥེ་རི་ཁ་ལྷོ་མ་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་རྒྱབ་སྐྱོར་གང་ལེགས་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར།

ཝུའུ་ཕིན་གྱིས་བཤད་རྒྱུར། མིག་སྔར་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་འབྲེལ་བ་དེ་དུས་སྐབས་བཟང་བོར་བསླེབས་ཡོད། གནས་བབ་གསར་བའི་འོག་ཏུ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་འབྲེལ་བར་སྲུང་སྐྱོབ་བཟང་བོ་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་གཞི་རྩ་དང་རྒྱང་རིང་གི་ཁེ་ཕན་ལ་འཚམ་པ་དང་། འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ཐད་ལ་དྲང་ཕྱོགས་ནུས་ཚད་འདོན་ཐུབ་ངེས་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མ་ཕྱོགས་དང་མཉམ་དུ། ཁྱབ་ཁོངས་སོ་སོའི་གྲོས་མོལ་དང་བརྗེ་རེས། མཉམ་ལས་བཅས་ལ་ཤུགས་སྣོན་བྱས་ཏེ། ལག་རྡང་སྦྲེལ་ནས་ཆུ་ཚད་སྔར་ལས་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད་ཟེར།

ཝུའུ་ཕིན་ནི་ཟླ6པའི་ཚེས17ཉིན་ཨ་ཧྥེ་རི་ཁ་ལྷོ་མར་འབྱོར་ནས་ལས་འགན་གསར་དུ་ཁུར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།