ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས22ཉིན་བསྟན་དོན། ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གིས་ཁུའུ་ཨར་སི་ཁི་ཉིང་རྡུལ་གློག་འདོན་ས་ཚིགས་ལ་འཇབ་རྒོལ་བྱེད་རྩིས་བྱས་པ་དང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དོན་དེ་ཤེས་ཡོད་པར་མ་ཟད། ཆེད་མཁས་པ་མངག་ནས་ཉིང་རྡུལ་གློག་འདོན་ས་ཚིགས་ཀྱི་གནས་བབ་ལ་དཔྱད་འཇོག་བྱེད་ཏུ་འཇུག་རྒྱུ་ཁས་ལེན་བྱས་ཡོད་ཟེར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཨུ་རུ་སིའི་ཁུའུ་ཨར་སི་ཁི་མངའ་སྡེ་ནས་མུ་མཐུད་དུ་འཐབ་འཁྲུག་བྱེད་རྒྱུ་ཡིན་ཟེར།
ཕུའུ་ཅིན་གྱིས་ཉིན་དེར་མགོ་འཛིན་བྱས་ཏེ་ཨུ་རུ་སིའི་མཐའ་མཚམས་ས་ཁུལ་གྱི་གནས་བབ་སྐོར་གྱི་གྲོས་ཚོགས་བསྡུ་སྐབས་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཚེས21ཉིན་གྱི་ནམ་གུང་ནས་ཚེས22ཉིན་གྱི་ཞོགས་པའི་བར་ཁུའུ་ཨར་སི་ཁི་ཉིང་རྡུལ་གློག་འདོན་ཚིགས་ལ་འཇབ་རྒོལ་བྱེད་རྩིས་བྱས་པ་དང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དོན་དེ་ཤེས་ཡོད་པར་མ་ཟད། ཆེད་མཁས་པ་མངག་ནས་ཉིང་རྡུལ་གློག་འདོན་ས་ཚིགས་ཀྱི་གནས་བབ་ལ་དཔྱད་འཇོག་བྱེད་ཏུ་འཇུག་རྒྱུ་ཁས་ལེན་བྱས་ཡོད་ལ། ཨུ་རུ་སིའི་ཕྱོགས་ཀྱིས་ལས་ཁུངས་དེའི་ཆེད་མཁས་པ་མྱུར་མོར་ལམ་དུ་ཆས་པར་རེ་བཞིན་ཡོད་ཟེར།
དབྱིན་ཇིའི་དངུལ་ལོར་སྐབས་དོན་ཚགས་པར་གྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ཡི་སྐད་ཆ་དྲངས་ནས་བཤད་རྒྱུར། ལས་ཁུངས་དེས་ཁུའུ་ཨར་སི་ཁི་ཉིང་རྡུལ་གློག་འདོན་ས་ཚིགས་ཉེ་འདབས་སུ་འབྱུང་བཞིན་པའི་འཐབ་འཁྲུག་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ། ཁོ་རང་ཉིད་ཀྱིས་གཟའ་འཁོར་རྗེས་མར་ཁུའུ་ཨར་སི་ཁི་ཉིང་རྡུལ་གློག་འདོན་ས་ཚིགས་སུ་འཚམས་འདྲི་བྱེད་པའི་འཆར་གཞི་ཡོད་ཟེར།
ཨུ་རུ་སིའི་ཁུའུ་ཨར་སི་ཁི་མངའ་སྡེའི་མགོ་བ་ཚབ་མ་སི་མུས་ཨར་ནོའུ་ཧྥུའུ་ཡིས་ཚེས22ཉིན་བཤད་རྒྱུར། མངའ་སྡེ་དེ་ཡིས་མི་འབུམ་གཅིག་དང་ཁྲི་གསུམ་སྟོང་གསུམ་ལྷག་བདེ་འཇགས་ས་ཁུལ་དུ་བསྐྱལ་བ་དང་། སྔར་བཞིན་མི་ཁྲི་གཉིས་ཙམ་ཉེན་ཁའི་ས་ཁོངས་སུ་བསྡད་ཡོད་ཟེར།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས22ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། འདས་པའི་ཉིན་གཅིག་གི་ནང་། ཝུའུ་ཁི་ལན་གྱི་དམག་དཔུང་ལ་ཁུའུ་ཨར་སི་ཁི་མངའ་སྡེ་ནས་མི་སུམ་བརྒྱ་དང་ཐན་ཁི་འཁོར་ལོ་གསུམ་གྱི་གྱོང་གུད་བྱུང་ཡོད་པ་རེད། ཟླ8པའི་ཚེས6ཉིན་ཁུའུ་ཨར་སི་ཁི་མངའ་སྡེ་རུ་དཔུང་འཇུག་བྱས་པའི་ཚུན་ལ། ཝུའུ་ཁ་ལན་གྱི་དམག་དཔུང་ལ་རིམ་བརྩིས་ཀྱིས་མི4700ལྷག་དང་ཐན་ཁི་འཁོར་ལོ68ཀྱི་གྱོང་གུད་བྱུང་ཡོད་པ་རེད། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ད་རུང་བསྟན་དོན། ཨུ་རུ་སིའི་མཁའ་སྲུང་མ་ལག་གིས་ཉིན་དེའི་ཞོགས་པར་ཨུ་རུ་སིའི་ས་ཁུལ་དྲུག་ནས་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ་ཉེར་བརྒྱད་བཀག་ཡོད་ཟེར།
ཨུ་རུ་སིའི་པུའུ་ལིང་སི་ཁི་མངའ་སྡེའི་མགོ་བ་པའོ་ཀི་མཱ་ཙི་ཡིས་བསྟན་དོན། ཚེས21ཉིན་པུའུ་ལིང་སི་ཁི་མངའ་སྡེ་རུ་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱི་གཏོར་བརླག་མྱུར་ཞིབ་ཚན་ཆུང་གིས་ཀྱང་མངའ་སྡེ་དེ་རུ་རྒོལ་རྩིས་བྱས་ཟེར། ཁོས་བཤད་རྒྱུར། པུའུ་ལིང་སི་ཁི་མངའ་སྡེའི་ས་ཁུལ་དྲུག་ནས་བྲེལ་མྱུར་ཕྱིར་འཐེན་གྱི་སྦྱོང་བརྡར་སྤེལ་ཡོད་ཟེར།
ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས21ཉིན་གྱི་དགོང་མོར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཁུའུ་ཨར་སི་ཁི་ཕྱོགས་ནས་མུ་མཐུད་དུ་འཐབ་འཁྲུག་བྱེད་བཞིན་ཡོད་པ་དང་། ས་ཁོངས་སྐོར་ཞིག་བདག་བཟུང་བྱས་ཡོད་ཟེར། ཁོས་མཉམལས་གྲོགས་པོས་ཝུའུ་ཁི་ལན་ལ་མཚོན་ཆ་དང་མདེལ་སོགས་འདོན་སྤྲོད་བྱེད་པའི་འོས་འགན་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་།
ཙེ་ལེན་སི་ཅི་ཡིས་ཚེས22ཉིན་སྤེལ་བའི་བརྙན་རིས་ལས་མངོན་པ་ལྟར་ན། ཁོས་ཉེ་སྔོན་ཝུའུ་ཁི་ལན་བྱང་ཕྱོགས་ཀྱི་ཨུ་རུ་སིའི་ཁུའུ་ཨར་སི་ཁི་མངའ་སྡེ་དང་འདབས་འབྲེལ་དུ་ཡོད་པའི་སུའུ་མཱེ་མངའ་སྡེ་རུ་རྟོག་ཞིབ་བྱས་པར་མ་ཟད། ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་སི་ཨར་སི་ཅི་དང་སུའུ་མཱེ་མངའ་སྡེའི་དམག་དོན་སྲིད་འཛིན་དཔོན་པོ་ཨ་ཨར་ཁྱིག་ཧི་གཉིས་ལ་ཐུག་འཕྲད་བྱས། ཐུག་འཕྲད་བྱེད་སྐབས་སི་ཨར་ཅི་སི་ཡིས་ཙེ་ལེན་སི་ཅི་ལ་ཝུའུ་ཁི་ལན་དམག་དཔུང་གིས་ཁུའུ་ཨར་སི་ཁི་མངའ་སྡེའི་ས་ཁུལ་ཚོད་འཛིན་བྱས་པའི་གནས་ཚུལ་སྙན་ཞུ་བྱས་པ་དང་། ཨ་ཨར་ཁྱིག་ཧི་ཡིས་སྙན་ཞུ་བྱས་དོན། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཁུའུ་ཨར་སི་ཁི་མངའ་སྡེ་རུ་འགུལ་སྐྱོད་སྤེལ་བའི་རྗེས་སུ། སུའུ་མཱེ་མངའ་སྡེ་རུ་ཐེབས་པའི་འཇབ་རྒོལ་དང་མི་སེར་དཀྱུས་མར་ཤི་རྨས་ཐེབས་པའི་མི་གྲངས་ཇེ་ཉུང་དུ་སོང་ཡོད་ཟེར།
ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཝུའུ་ཁི་ལན་གྱི་མཁའ་སྲུང་དམག་དཔུང་གིས་ཚེས21ཉིན་གྱི་ནམ་གུང་ནས་ཚེས22ཉིན་གྱི་ཞོགས་པའི་བར་ཨུ་རུ་སིའི་མི་མེད་དཔུང་འཇུག་གནམ་གྲུ་གཉིས་སར་འཕངས་པ་དང་། གཞན་ཡང་ཨུ་རུ་སིའི་དམག་དཔུང་གི་མི་མེད་གནམ་གྲུ་གཉིས་རང་འགུལ་གྱིས་སར་ལྷུང་བ་རེད་ཟེར། དེ་ལས་གཞན་ཨུ་རུ་སིའི་དམག་དཔུང་གིས་གཏོང་འཕེན་བྱས་པའི་འཕུར་མདའ་མང་ཆེ་བ་དམིགས་འབེན་ལ་ཕོག་མེད་པ་དང་མི་སྣར་ཤི་རྨས་བཟོས་མེད་ཟེར།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས22ཉིན་བསྒྲགས་པ་ལྟར་ན། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་ལ་མ་དངུལ་འདོན་སྤྲོད་བྱས་པ་ལས་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་བ་དང་། ཆབ་སྲིད་དང་ཕྱི་འབྲེལ་ལ་བརྟེན་ནས་ཐག་གཅོད་བྱེད་པའི་རེ་བའང་མེད་པར་གྱུར་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།