ཕཱ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱིས་ཚེས22ཉིན་བཤད་རྒྱུར། ཕཱ་ཁི་སི་ཐན་ཤར་ཕྱོགས་ཀྱི་ཕང་ཀྲི་ཕུའུ་ཞིང་ཆེན་ནས་ཉིན་དེར་ཉེན་རྟོག་པའི་རླངས་འཁོར་རུ་ཁག་ཅིག་ལ་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་ཉེན་རྟོག་པ11རྐྱེན་ལམ་དུ་ཤོར་བ་དང་། མི7ལ་རྨས་ཕོག་ཟེར།
ཕཱ་ཁི་སི་ཐན་སྨྱན་བྱད་ཀྱིས་ས་དེའི་ཉེན་རྟོག་དཔོན་པོའི་སྐད་ཆ་དྲངས་ནས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ཕང་ཀྲི་ཕུའུ་ཞིང་ཆེན་གྱི་ལཱ་ཞེ་མུའུ་ཡཱ་ཨར་ཧན་ས་ཁུལ་ནས་བྱུང་བ་དང་། ཉེན་རྟོག་པའི་རླངས་འཁོར་ཉི་ཤུ་ལྷག་གིས་ལས་འགན་ལག་བསྟར་བྱས་ནས་ཕྱིར་རྟེན་གཞིར་ལོག་པའི་ལམ་བར་ནས་དྲག་ཆས་ཉེས་ཅན་གྱི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་པ་རེད། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། དེའི་ནང་ཉུང་མཐར་ཡང་མི་གཉིས་ཀྱི་རྨས་སྐྱོན་ཚབས་ཆེན་ཡིན་པས། འདས་པོའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར། དེ་ལས་གཞན་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལས་མི་སྣ་སྐོར་ཞིག་གར་སོང་རྙེད་མེད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་གར་སོང་མ་རྙེད་པའི་མི་གྲངས་ཁྱབ་བསྒྲགས་བྱས་མེད་ལ། འབྲེལ་ཡོད་སྡེ་ཁག་གིས་འཚོལ་ཞིབ་བྱེད་བཞིན་ཡོད་ཟེར།
ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨར་ཏཱ་ལི་དང་ཙུང་ལི་ཞཱ་པཱ་ཙི་གཉིས་ཀྱིས་ཉིན་དེར་སོ་སོར་གསལ་སྒྲོག་སྤེལ་ཏེ་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་ནས། འབྲེལ་ཡོད་སྡེ་ཁག་གིས་མྱུར་མོར་ཕན་ནུས་ལྡན་པའི་འགུལ་སྐྱོད་སྤེལ་ནས་ནག་ཉེས་བཟོ་མཁན་ལ་ཆམ་ཕབ་གཏོང་དགོས་པ་དང་ནུས་པ་ཅི་ཡོད་ཀྱིས་རྨས་མ་མྱུར་སྐྱོར་བྱེད་དགོས་པའི་མཛུབ་སྟོན་གནང་། ཕང་ཀྲི་ཕུའུ་ཞིང་ཆེན་དང་ལྷོ་ཕྱོགས་ཀྱི་ཞིན་ཏི་ཞིང་ཆེན་གྱི་དབུ་བཞུགས་པུའུ་ཀྲང་གིས་ཞིང་ཆེན་དེ་གཉིས་ཀྱི་ཉེན་རྟོག་ཕྱོགས་ཀྱིས་མྱུར་མོར་མཉམ་ལས་བྱས་ནས་མཉམ་དུ་ཞིང་ཆེན་དེ་གཉིས་ཀྱི་ཧིན་རྡུ་ཆུའི་བཞུར་བརྒྱུད་ས་ཁུལ་དུ་འགྲོ་འདུག་བྱེད་པའི་དྲག་ཆས་ཉེས་ཅན་དང་ཇག་པར་ཆམ་ཕབ་གཏོང་དགོས་པའི་རེ་བ་བཏོན།
མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།