ཐཱ་ཅི་ཁི་སི་ཐན་གྱི་ཧའོ་ཝ་ཨར་འཕྲིན་གཏོང་ཁང་གིས་ཚེས23ཉིན་བསྒྲགས་པ་ལྟར་ན། ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ཧི་མིན་དང་ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་གཉིས་ཀྱིས་ཚེས22ཉིན་ཐཱ་ཅི་ཁི་སི་ཐན་གྱི་རྒྱལ་ས་ཏུའུ་ཧྲང་པེ་ནས་ཐཱ་ཅི་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་དང་ཧཱ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མནའ་མཐུན་འབྲེལ་བའི་ཆིངས་ཡིག་བཀོད།
བསྒྲགས་པ་ལྟར་ན། ལཱ་ཧི་མིན་གྱིས་བསྟན་དོན། ཆིངས་ཡིག་དེ་ཕྱོགས་གཉིས་ཀྱི་འབྲེལ་བའི་རྨང་གཞི་བརྟན་པོར་འགྱུར་སྲིད་པ་དང་། ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཧཱ་སག་སི་ཐན་བར་གྱི་འབྲེལ་བ་དང་གཉིས་ཕན་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་བཞིན་ཡོད་ཟེར། རྒྱལ་ཁབ་གཉིས་ཀྱིས་ཞིང་ལས་དང་ཆུ་བེད། འགྲིམ་འགྲུལ། རྒྱལ་ཁོངས་བརྒལ་བའི་དངོས་སྐྱེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་ཟེར།
ཐའོ་ཁཱ་ཡེ་ཧྥུའུ་ཡིས་བསྟན་དོན། གོང་གི་ཆིངས་ཡིག་དེ་བཀོད་པ་ལས་ཧཱ་སག་སི་ཐན་དང་ཐཱ་ཅི་ཁི་སི་ཐན་གྱི་འབྲེལ་བ་མཐོ་ཚད་གསར་བ་ཞིག་ཏུ་བསླེབས་པ་མཚོན་ཡོད་ཅིང་། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས། ཕྱོགས་ཡོངས་མཉམ་ལས་བཅས་བྱེད་པའི་རྨང་གཞིའི་སྟེང་། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཨེ་ཤ་ཡཱའི་གཏན་འཇགས་དང་འཕེལ་རྒྱས་ལ་སྔར་ལས་མང་བའི་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། ཁོས་བསྟན་དོན། ཧཱ་སག་སི་ཐན་དང་ཐཱ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་བར་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད་པ་དང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཉོ་ཚོང་གི་བཀག་རྒྱ་སེལ་ནས་དངོས་སྐྱེལ་དང་སྐྱེལ་འདྲེན་མཉམ་ལས་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར།
ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཚེས22ཉིན་ནས་བཟུང་ཐཱ་ཅི་ཁི་སི་ཐན་ལ་ཉིན་གཉིས་ཀྱི་རྒྱལ་དོན་འཚམས་འདྲི་བྱས་པ་དང་། འཚམས་འདྲི་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱིས་བསྡོམས་པས་མཉམ་ལས་ཡིག་ཆ16བཀོད་ཡོད་ལ། དེ་ཞིང་ལས་དང་ནུས་ཁུངས། འགྲིམ་འགྲུལ། གཞི་གྲངས་ཅན་སོགས་ཁྱབ་ཁོངས་མང་བོར་འབྲེལ་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།