མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་ཅཱ་ཧྲ་ས་ཁུལ་གྱིས་ཉིན་བདུན་ལ་འཁྲུག་རྩོད་མཚམས་བཞག་ནས་བྱིས་པར་རྒྱུངས་སྐྱའི་གཉན་ཚད་ཀྱི་འགོག་སྨན་བརྒྱག་དགོས་པའི་འབོད་སྐུལ་བཏང་།
2024.08.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས23ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་ཅཱ་ཧྲ་ས་ཁུལ་ནས་ཉིན་བདུན་རིང་འཁྲུག་རྩོད་མཚམས་བཞག་སྟེ། ས་དེའི་བྱིས་པར་རྒྱུངས་སྐྱའི་གཉན་ཚད་ཀྱི་འགོག་སྨན་བརྒྱག་པར་སྟབས་བདེ་བཟོ་དགོས་པའི་འབོད་སྐུལ་བཏང་།

ཏིས་ཡཱ་ལི་ཁི་ཡིས་ཉིན་དེར་བསྡུས་པའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱུངས་སྐྱའི་ནད་དུག་དེ་ཅཱ་ཧྲ་ས་ཁུལ་དང་དེའི་ཉེ་འཁོར་ས་ཁུལ་དུ་རྒྱ་ཡན་དུ་འགྲོ་བའི་ཉེན་ཁར་བསམ་བློ་བཏང་སྟེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་སོགས་ལས་ཁུངས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་ལོ་བཅུའི་མན་གྱི་བྱིས་པར་རྒྱུངས་སྐྱའི་འགོག་སྨན་བརྒྱག་པར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱུངས་སྐྱའི་འགོག་སྨན་བྱིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་སྨན་བཅོས་རུ་ཁག་གིས་འགོག་སྨན་བརྒྱག་པའི་བྱ་བར་སྣེ་ཁྲིད་འགན་ཁུར་བཞིན་ཡོད་ཟེར།

ཏིས་ཡཱ་ལི་ཁི་ཡིས་བཤད་རྒྱུར། མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་མ་བཞག་ཚེ་འགོག་སྨན་བརྒྱག་པར་དཀའ་ཁག་ཆེན་པོ་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱིས་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ཅཱ་ཧྲ་ས་ཁུལ་དུ་ཉིན་བདུན་རིང་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་བཞག་ནས། བྱིས་པར་རྒྱུངས་སྐྱའི་འགོག་སྨན་བརྒྱག་པར་སྟབས་བདེ་བཟོས་དགོས་པའི་འབོད་སྐུལ་བཏང་བ་རེད་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས22ཉིན་བདེན་དཔང་བྱས་དོན། ཅཱ་ཧྲ་ས་ཁུལ་གྱི་རྒྱུངས་སྐྱའི་འགོག་སྨན་བརྒྱབ་མེད་པའི་བྱིས་པ་ཞིག་ལ་རྒྱུངས་སྐྱའི་གཉན་ཚད་ཀྱི་ནད་དུག་འགོས་པ་དང་། དེ་ནི་ཅཱ་ཧྲ་ས་ཁུལ་དུ་ཉེ་བའི་ལོ་ངོ25རིང་ནད་དེ་བྱུང་བའི་ནད་པ་ཐོག་མ་རེད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉེ་སྔོན་བསྟན་དོན། རྒྱུངས་སྐྱའི་ནད་དུག་ཅཱ་ཧྲ་ས་ཁུལ་ནས་འགོས་པས། བྱིས་པ་དག་ཉེན་ཁར་འཕྲད་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་ལོ་བཅུའི་མན་གྱི་བྱིས་པ་འབུམ་དྲུག་དང་ཁྲི་བཞི་ལྷག་ལ་རྒྱུངས་སྐྱའི་འགོག་སྨན་བརྒྱག་པར་གྲ་སྒྲིག་བྱས་ཡོད་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱུངས་སྐྱའི་འགོག་སྨན་ས་ཡ་གཅིག་དང་འབུམ་དྲུག་སྟེར་བར་ཆོག་མཆན་བཀོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།