ཝུའུ་ཙི་པེ་ཁི་སི་ཐན་དང་ཨ་སེ་པེད་ཅང་གི་ཙུང་ཐུང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་གནད་དོན་ལ་གྲོས་བསྡུར་བྱས།
2024.08.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་ཚེས23ཉིན་ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་དང་མཉམ་དུ་ཐཱ་ཧྲི་ཀན་ནས་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དང་ཁྱབ་ཁོངས་མང་བོའི་མཉམ་ལས་གཏིང་ཟབ་ཏུ་རྒྱ་བསྐྱེད་པར་གྲོས་མོལ་བྱས།

ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། མུས་ཨར་ཅི་ཡའོ་ཧྥུའུ་ཡིས་བཤད་རྒྱུར། ཐེངས་འདིའི་འཚམས་འདྲིའི་གྲུབ་འབྲས་གལ་ཆེན་ཞིག་ནི་ཕྱོགས་གཉིས་ཀྱིས་མནའ་མཐུན་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་བཀོད་པ་དེ་ཡིན་ལ། ཆིངས་ཡིག་དེ་ལས་རྒྱལ་ཁབ་གཉིས་ཀྱི་རོགས་ལས་སྲ་བརྟན་དུ་གཏོང་བའི་ལེའུ་གསར་བ་གསར་འབྱེད་བྱས་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་མང་བོའི་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་རེ་འདུན་མངོན་པར་བྱས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་ད་རུང་རིམ་པ་མཐོ་བའི་རྒྱལ་ཁབ་བར་གྱི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་། གྲོས་ཚོགས་དེ་རྒྱལ་ཁབ་གཉིས་ཀྱི་མནའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་འབྲེལ་ཡོད་བྱེད་ཐབས་གཏན་འབེབས་དང་དངོས་འབེབས་བྱེད་པའི་ནུས་ལྡན་རྐྱེན་སྲོལ་དུ་འགྱུར་སྲིད་ཟེར།

ཨ་ལེ་ཡེ་ཧྥུའུ་ཡིས་ཚེས22ཉིན་ནས་ཚེས23ཉིན་བར་ཝུའུ་ཙི་པེ་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།