ཕཱ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱིས་ཚེས24ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་ནས་ཉིན་དེའི་སྔ་དྲོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་བུད་མེད་གཅིག་དང་བཅས་པའི་མི3རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི12ལ་རྨས་ཕོག་ཟེར།
ས་དེའི་ཉེན་རྟོག་ཕྱོགས་ཀྱི་དཔོན་རིགས་ཀྱིས་གསར་འགོད་པར་བཤད་རྒྱུར། འགས་གཏོར་དེ་ཞིང་ཆེན་དེའི་པུས་ཞིན་ས་ཁུལ་གྱི་ཚོང་ར་ཞིག་གི་ཆེད་དོན་པའི་གཞུང་སྒྲུབ་ཁང་གི་ཉེ་འདབས་ནས་བྱུང་བ་དང་། དྲག་ཆས་ཉེས་ཅན་གྱིས་སྟབས་བདེའི་འགད་རྫས་འགས་གཏོར་བཏང་སྟེ། མི་སྣར་ཤི་རྨས་བཟོས་པར་མ་ཟད་རླངས་འཁོར་མང་བོར་གཏོར་བརླག་ཐེབས་ཡོད། རྨས་མའི་ཁྲོད་དུ་ཉེན་རྟོག་པ་འདུས་ཡོད་ལ། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན་འཇབ་རྒོལ་དམིགས་འབེན་ནི་ས་དེའི་ཉེན་རྟོག་པའི་འཇིགས་སྐུལ་ངོ་རྒོལ་སྡེ་ཁག་གི་རླངས་འཁོར་ཡིན་པ་རེད། ཉེན་རྟོག་ཕྱོགས་ཀྱིས་ཡུལ་དངོས་བཀག་སྡོམ་བྱས་ནས་རྟོག་ཞིབ་བྱེད་བཞིན་ཡོད།
མིག་སྔའི་བར་དུ་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འགས་གཏོར་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།
ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཀྲ་ཨར་ཏཱ་ལི་དང་། ཙུང་ལི་ཞཱ་པཱ་ཙི་གཉིས་ཀྱིས་སོ་སོར་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་བར་མ་ཟད། འབྲེལ་ཡོད་སྡེ་ཁག་གིས་མྱུར་མོར་རྩད་གཅོད་བྱས་ཏེ་ཁྲིམས་ལྟར་འཇིགས་སྐུལ་ཉེས་ཅན་ལ་ཆད་གཅོད་བྱེད་དགོས་པའི་རེ་བ་བཏོན།
པུས་ཞིན་ས་ཁུལ་དེ་པུས་ལུའུ་ཀྲི་ཞིང་ཆེན་གྱི་བྱང་ངོས་སུ་གནས་པ་དང་། ཨ་ཧྥུའུ་ཧན་གྱི་ལྷོ་ཕྱོགས་ཞིང་ཆེན་དང་འདབས་འབྲེལ་དུ་ཡོད་ལ། ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་སོགས་འཇིགས་སྐུལ་རྩ་འཛུགས་ཀྱིས་ཉེ་བའི་ལོ་འགའི་རིང་ལ་ནམ་རྒྱུན་ས་ཁུལ་དེར་འཇབ་རྒོལ་དོན་རྐྱེན་བཟོ་བཞིན་ཡོད་པས་བདེ་འཇགས་གནས་བབ་ཉམ་ང་བ་ཞིག་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།