དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་ནས་མི14རྐྱེན་ལམ་དུ་ཤོར།
2024.08.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས24ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་ས་ཁུལ་དུ་འགས་གཏོར་བཏང་སྟེ། མི14རྐྱེན་ལམ་དུ་ཤོར་བ་དང་མི་མང་བོར་རྨས་ཕོག་ཡོད་ཟེར།

བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས24ཉིན་གྱི་སྔ་དྲོར་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་གྱི་ཧན་ཡུག་ནེ་སི་གྲོང་ཁྱེར་གྱི་སྡོད་ཁང་ཞིག་ལ་འགས་གཏོར་བཏང་སྟེ། མི11རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི15ལ་རྨས་ཕོག དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ད་རུང་ཅཱ་ཧྲའི་དབུས་ཕྱོགས་ཀྱི་ནོའུ་སེ་ལའེ་ཐི་ཡུལ་གྱར་བའི་སྒར་སའི་སྡོད་ཁང་ཞིག་ལ་འགས་གཏོར་བཏང་ནས་མི3རྐྱེན་ལམ་དུ་ཤོར་བ་དང་མི་མང་བོར་རྨས་ཕོག་ཟེར།

དབྱི་སི་རལ་གྱི་དམག་དཔུང་གི་མགྲིན་ཚབ་པ་ཨ་ཏི་ལཱ་དབྱེ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་དབུས་ཕྱོགས་དང་ལྷོ་ཕྱོགས་ས་ཁུལ་ནས་དྲག་ཆས་ཉེས་ཅན་བཅུ་ཕྲག་འགའ་བསད་ཡོད་པ་དང་། དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ད་རུང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་མཚོན་ཆའི་བཟོ་སྐྲུན་སྡེ་ཁག་གི་ལས་བྱེད་མི་སྣ་གཅིག་བསད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།