ཀྲུང་གོ་དང་ཧོང་ཏུ་རཱ་སིའི་ཁེ་ལས་ཉོ་ཚོང་སྦྲེལ་མཐུད་ཚོགས་འདུ་ལས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་རོགས་འདེགས་བྱས།
2024.08.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཀྲུང་གོ་དང་ཧོང་ཏུ་རཱ་སིའི་ཁེ་ལས་ཉོ་ཚོང་སྦྲེལ་མཐུད་ཚོགས་འདུ་དང་ཆིངས་ཡིག་འགོད་པའི་མཛད་སྒོ་དེ་ཚེས3ཉིན་ཧོང་ཏུ་རཱ་སིའི་རྒྱལ་ས་ཐི་ཧྲི་ཞི་ཅཱ་ཨར་པཱ་ནས་བསྡུས། ཀྲུང་གོ་དང་ཧོང་ཏུ་རཱ་སིའི་ཁེ་ལས་ཀྱིས་སྦྲེལ་མཐུད་ཚོགས་འདུའི་སྟེང་ཉོ་ཚོང་གྲོས་མཐུན་མང་བོ་བཀོད་པ་དང་། གན་རྒྱའི་སྤྱིའི་འབོར་གྲངས་མེ་སྒོར་བྱེ་བ་གཅིག་དང་ས་ཡ་བརྒྱད་ལ་བསླེབས་ཡོད།

ཧོང་ཏུ་རཱ་སིའི་དཔལ་འབྱོར་འཕེལ་རྒྱས་པུའུ་ཡི་པུའུ་ཀྲང་སེ་ལཱ་ཐའོ་ཡིས་བྱ་འགུལ་སྟེང་བཤད་རྒྱུར། ཧོང་ཏུ་རཱ་སི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་མྱུར་མོར་ངང་འཕེལ་རྒྱས་སུ་སོང་བ་དང་། ཧོང་ཏུ་རཱ་སིའི་འཚིག་ཇ་སོགས་ཁྱད་ལྡན་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་པར་སྦས་ཤུགས་ཆེན་པོ་ལྡན། ཧོང་ཏུ་རཱ་སི་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ཕྱོགས་གཉིས་ཀྱི་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་གྲོས་མོལ་ལ་སྐུལ་འདེད་བང་སྟེ། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་སྔར་ལས་མང་བའི་མཉམ་ལས་གྲུབ་འབྲས་ལོན་པར་ཡར་སྐུལ་བྱས།

ཀྲུང་གོའི་ཚོང་དོན་པུའུ་ཡི་ཕྱི་ཕྱོགས་ཉོ་ཚོང་ཟི་ཡི་ཟི་ཀྲང་ལིས་ཞིན་ཆན་གྱིས་བསྟན་དོན། ཐེངས་འདིའི་ཀྲུང་གོའི་ཚོང་དོན་པུའུ་ཡིས་རྩ་འཛུགས་བྱས་པའི་ཉོ་ཚོང་སྐུལ་འདེད་ཚོགས་པས་སྔར་ལས་མང་བའི་ཀྲུང་གོའི་ཁེ་ལས་ལ་ཧོང་ཏུ་རཱ་སིའི་ཚོང་ར་དང་ཁེ་ལས་རྒྱུས་ལོན་བྱེད་དུ་བཅུག་པ་དང་། སྔར་ལས་མང་བའི་ཧོང་ཏུ་རཱ་སིའི་སྤུས་ལེགས་ཁྱད་ལྡན་ཐོན་རྫས་ཀྲུང་གོའི་ཚོང་རར་ནང་འདྲེན་བྱས་ཏེ། ཀྲུང་གོ་དང་ཧོང་ཏུ་རཱ་སིའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བའི་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་ཁ་སྣོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧོང་ཏུ་རཱ་སིའི་ཁེ་ལས་དག་ཀྲུང་གོར་ཡོང་ནས་སྐབས་བདུན་པའི་ནང་འདྲེན་འགྲེམས་སྟོན་ཚོགས་འདུར་ཞུགས་པ་དང་། རྒྱུན་ཆད་མེད་པར་ཀྲུང་གོའི་ཚོང་ར་རྒྱ་བསྐྱེད་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།

ཧོང་ཏུ་རཱ་སི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཡུས་པའོ་ཡིས་བསྟན་དོན། ཀྲུང་གོ་དང་ཧོང་ཏུ་རཱ་སིའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་གཅིག་ལྷག་གི་རིང་ལ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཧོང་ཏུ་རཱ་སིའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། གང་མགྱོགས་སྒོས་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་གྲོས་མོལ་ཡོངས་འགྲུབ་བྱེད་འདོད་ཡོད་ཟེར། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཧོང་ཏུ་རཱ་སིའི་ཐོན་རྫས་དག་ཀྲུང་གོའི་ཚོང་རར་ནང་འདྲེན་བྱེད་པར་གོ་སྟབས་སྔར་ལས་མང་བོ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

སྦྲེལ་མཐུད་ཚོགས་འདུར་ཀྲུང་གོ་དང་ཧོང་ཏུ་རཱ་སི་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་པ་དང་འཐུས་མི་བརྒྱ་ལྷག་ནང་འགུག་བྱས་ནས་བྱ་འགུལ་ལ་ཞུགས་པར་མ་ཟད་ཚོང་གཏམ་གྲོས་མོལ་སྤེལ་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།