མཱ་ལིའི་བར་བརྒལ་སྲིད་གཞུང་གིས་ཚེས23ཉིན་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། བསྟུད་མར་ཉིན་འགའི་རིང་ལ་ཆར་བ་ཆེན་པོ་བབས་ཏེ་ཆུ་ལོག་གི་གནོད་འཚེ་བྱུང་བའི་དབང་གིས་མཱ་ལི་རྒྱལ་ཁབ་ཧྲིལ་བོ་གནོད་འཚེའི་རྣམ་པར་གནས་ཡོད་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། ད་ལོའི་ཟླ6པའི་ཆར་ལྡན་དུས་ཚིགས་སུ་བསླེབས་པའི་ཚུན་ལ། མཱ་ལི་རུ་ཁྱིམ་ཚང7000ལྷག་དང་མི་ཁྲི5ཙམ་ལ་ཆུ་ལོག་གི་གནོད་འཚེ་ཐེབས་པ་དང་། མི་སུམ་ཅུ་རྐྱེན་ལམ་དུ་ཤོར། སྲིད་གཞུང་གིས་མེ་སྒོར་ས་ཡ་དྲུག་དང་འབུམ་བརྒྱད་འདོན་སྤྲོད་བྱས་པ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་གྲབས་གསོག་ལ་ཤུགས་སྣོན་བྱས་ཏེ་གནོད་འཚེ་ཐེབས་པའི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་རྒྱུ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་ཟླ་འདིའི་ཚེས16ཉིན་སྤྱི་སྒྲོག་སྤེལ་ཏེ། ད་ལོའི་ཆར་ལྡན་དུས་ཚིགས་ཀྱི་ཚུན་ལ། ཨ་ཧྥེ་རི་ཁ་ནུབ་མ་དང་ཨ་ཧྥེ་རི་ཁ་དབུས་ཕྱོགས་ས་ཁུལ་གྱི་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ལས་མི་འབུམ་བདུན་ལྷག་ལ་ཤུགས་རྐྱེན་ཐེབས་ཡོད་པ་དང་། ས་ཁུལ་དེའི་ད་ལོའི་ཆར་ལྡན་དུས་ཚིགས་ཀྱི་ཆར་ཆུའི་འབབ་ཚད་ན་ནིང་གི་དུས་མཉམ་ལས་མཐོ་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།