ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་བཟུང་དམག་བརྗེ་སྤོར་བྱས།
2024.08.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཚེས24ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་བར་འདུམ་འོག་ཏུ་བཟུང་དམག་བརྗེ་སྤོར་བྱས་པ་དང་། ཕྱོགས་གཉིས་ཀྱིས་སོ་སོར་བཟུང་དམག115བརྗེ་སྤོར་བྱས། ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཚེས24ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཚེས23ཉིན་གྱི་ནམ་གུང་ནས་ཚེས24ཉིན་གྱི་ཞོགས་པའི་བར་དུ། ཨུ་རུ་སིའི་དམག་དཔུང་གིས་ཐུའུ-22 M3རྟགས་ཅན་གྱི་རྒྱང་གཏོང་འགས་གཏོར་གནམ་གྲུ་བཀོལ་ནས་ཝུའུ་ཁི་ལན་གྱི་ལྷོ་ཕྱོགས་ས་ཁུལ་དུ་འཇབ་རྒོལ་བྱས་པ་དང་། སྐོར་འདེད་འཕུར་མདའ་བཞི་གཏོང་འཕེན་བྱས།

ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱི་ཆབ་སྲིད་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཨ་ལའོ་ཅི་ནོའུ་ཧྥུའུ་ཡིས་ཚེས24ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་མུ་མཐུད་དུ་ཁུའུ་ཨར་སི་ཁི་ཕྱོགས་ཀྱི་ཝུའུ་ཁི་ལན་གྱི་དམག་དཔུང་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར། ཁོས་བསྟན་དོན། ཨུ་རུ་སིའི་དམག་ཕྱོགས་ཀྱིས་ཡང་བསྐྱར་མངའ་སྡེ་དེའི་སྡོད་དམངས་གནས་ཡུལ་ཞིག་ཕྱིར་བླངས་ཡོད་ཟེར།

ཨུ་རུ་སིའི་ཁུའུ་ཨར་སི་ཁི་མངའ་སྡེའི་མགོ་བ་ཚབ་མ་སི་མུས་ཨར་ནོའུ་ཧྥུའུ་ཡིས་ཚེས24ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཚེས23ཉིན་གྱི་ནམ་གུང་ནས་ཚེས24ཉིན་གྱི་སྔ་དྲོའི་བར་དུ། ཨུ་རུ་སིའི་ཁུའུ་ཨར་སི་ཁི་མངའ་སྡེའི་བར་སྣང་ནས་བསྡོམས་པས་ཝུའུ་ཁི་ལན་གྱི་འཕུར་མདའ7སར་འཕངས་ཡོད་ཟེར།

ཨུ་རུ་སིའི་པེད་ཨར་ཀི་ལོ་ཏི་མངའ་སྡེའི་མགོ་བ་ཀི་ལཱ་ཏི་ཁི་ཧྥུའུ་ཡིས་ཚེས24ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། འདས་པའི་དུས་ཚོད24རིང་། མངའ་སྡེ་དེའི་སྡོད་དམངས་ཀྱི་སྡོད་གནས་སུམ་ཅུ་ལྷག་ལ་ཝུའུ་ཁི་ལན་གྱི་དམག་དཔུང་གི་མེ་སྒྱོགས་དང་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་ཏེ། མི་སེར་དཀྱུས་མ་ལྔར་རྨས་ཕོག་ཡོད་པ་དང་། སྡོད་ཁང་དང་རླངས་འཁོར་མང་བོར་གཏོར་བརླག་ཐེབས་ཡོད་ཟེར།

ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ཚེས24ཉིན་དྲ་ཐོག་ཏུ་སྤྱི་སྒྲོག་སྤེལ་ནས། འདས་པའི་དུས་ཚོད24རིང་ལ། ཝུའུ་ཁི་ལན་དང་ཨུ་རུ་སིའི་བར་བསྡོམས་པས་འཐབ་འཁྲུག་ཐེངས149བྱུང་བ་དང་། དེའི་ནང་སུམ་ཆའི་གཅིག་ཙམ་ཏོན་ནེ་ཚི་ཁི་ས་ཁུལ་གྱི་པའོ་ཁི་ལོ་ཧྥུའུ་སི་ཁི་ཕྱོགས་ནས་བྱུང་བ་རེད་ཟེར། ཝུའུ་ཁི་ལན་གྱི་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ད་རུང་བསྟན་དོན། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཧཱ་ཨར་ཁི་ཧྥུའུ་དང་ཁུའུ་ཕིས་དབྱང་སི་ཁི། ཁི་ལཱ་མཱ་ཐའོ་ཨར་སི་ཁི། པའོ་ཁི་ལོ་ཧྥུའུ་སི་ཁི་སོགས་ཀྱི་ཕྱོགས་ནས་ཨུ་རུ་སིའི་དམག་དཔུང་མཐར་སྐྲོད་བཏང་བར་མ་ཟད། མུ་མཐུད་དུ་ཁུའུ་ཨར་སི་ཁི་ཕྱོགས་ནས་འཐབ་འཁྲུག་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།