ཧིན་རྡུ་ཉི་ཞི་ཡཱའི་བྱང་ཕྱོགས་ཀྱི་མཱ་ལུའུ་ཀུའུ་ཞིང་ཆེན་གྱི་དོ་དམ་དང་རྒུད་སྐྱོབ་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། ཞིང་ཆེན་དེར་ཚེས25ཉིན་གློ་བུར་དུ་ཆུ་ལོག་གི་འཇིགས་པ་ཐེབས་ནས། མི7རྐྱེན་ལམ་དུ་ཤོར་བ་དང་མི་གཉིས་ལ་རྨས་ཕོག་ཡོད་ཟེར།
ཧིན་རྡུ་ཉི་ཞི་ཡཱའི་ས་གནས་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཚེས25ཉིན་གྱི་ཞོགས་པར། བྱང་ཕྱོགས་ཀྱི་མཱ་ལུའུ་ཀུའུ་ཞིང་ཆེན་ཐི་ཨར་ནཱ་ཐི་གྲོང་ཁྱེར་གྱི་ལུའུ་ཨ་སྡེ་བར་ཆུ་ལོག་གི་འཇིགས་པ་ཆེན་པོ་བྱུང་སྟེ་གཏོར་བརླག་ཚབས་ཆེན་བཟོས།
བྱང་ཕྱོགས་ཀྱི་མཱ་ལུའུ་ཀུའུ་ཞིང་ཆེན་གྱི་རྒུད་སྐྱོབ་སྡེ་ཁག་གི་འགན་ཁུར་བ་ཨ་ཨར་ཐིན་གྱིས་གསར་འགོད་པར་བཤད་རྒྱུར། ཐེངས་འདིའི་གནོད་འཚེ་ནི་ཚེས24ཉིན་ནས་བཟུང་བབས་པའི་ཆར་བ་དྲགས་པོ་ལས་བྱུང་བ་ཡིན་ལ། གནོད་ཐེབས་སྡོད་དམངས་ལ་རས་གུར་དང་མལ་སྟན། ཟས་རིགས་སོགས་གཞི་རྩའི་འཚོ་བའི་དངོས་པོ་མྱུར་དུ་མཁོ་ཟེར། ས་དེའི་རྒུད་སྐྱོབ་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ཏེ། དམག་མི་དང་ཉེན་རྟོག་པ། རྒུད་སྐྱོབ་མི་སྣ་སོགས་ཀྱིས་ཆུ་ལོག་གི་འཇིགས་པ་ཐེབས་སར་རྒུད་སྐྱོབ་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།