ཉེ་སྔོན་ནགས་ཚལ་མེ་སྐྱོན་གྱི་ཁ་གྲངས་ཇེ་མང་དུ་སོང་བའི་དབང་གིས་པཱ་ཞིའི་ཧྲིན་པའོ་ལོ་མངའ་སྡེའི་སྲིད་གཞུང་གིས་ཚེས24ཉིན་མངའ་སྡེ་དེའི་གྲོང་ཁྱེར45ཡིས་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
པཱ་ཞི་རྒྱལ་ཁབ་ཀྱི་བར་སྣང་ཞིབ་འཇུག་ཁང་གི་གཞི་གྲངས་ལྟར་ན། ཧྲིན་པའོ་ལོ་མངའ་སྡེ་རུ་ཚེས22ཉིན་དང་ཚེས23ཉིན་གཉིས་ནང་མེ་སྐྱོན་ཐེངས2300ལྷག་བྱུང་སྟེ། རྒྱལ་ཡོངས་ཀྱི་ཟིན་ཐོ་བརྒལ་ཡོད། ཚེས24ཉིན་ཡང་བསྐྱར་མེ་སྐྱོན་ཐེངས305བྱུང་། མངའ་སྡེ་དེ་ཡིས་ཉམས་ཉེན་ཐག་གཅོད་གཞུང་སྒྲུབ་ཁང་བཙུགས་པ་དང་མངའ་སྡེ་དེའི་གྲོང་ཁྱེར45ཡིས་དུས་ཡུན་ཉིན180རིང་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་ལོ་མགོ་ནས་ཟླ་འདིའི་ཚེས24ཉིན་བར། མངའ་སྡེ་དེར་རིམ་བརྩིས་ཀྱིས་བྱུང་བའི་མེ་སྐྱོན་གྱི་ཁ་གྲངས་ལོ་སྔོན་མ་གཉིས་ཀྱི་སྡོམ་ལས་བརྒལ་ཡོད། གཞན་ཡང་ཧྲིན་པའོ་ལོ་མངའ་སྡེ་རུ་ཟླ་འདི་ཁོ་ནར་མེ་སྐྱོན་བྱུང་ཐེངས3175ཡོད་པ་དང་། པཱ་ཞི་རྒྱལ་ཁབ་ཀྱི་བར་སྣང་ཞིབ་འཇུག་ཁང་གིས་ཟིན་ཐོ་བཀོད་རྗེས་ཀྱི་ལོ་ངོ26དྲུག་གི་ཆེས་མཐོ་བའི་ཚད་དུ་བསླེབས་ཡོད།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཧྲིན་པའོ་ལོ་མངའ་སྡེའི་སྐམ་ས་ཁུལ་དུ་དུས་ཡུན་རིང་བོར་ཆར་མ་བབས་པ་དང་། ཐན་སྐམ་ཆེ་བའི་དབང་གིས་ནགས་ཚལ་མེ་སྐྱོན་རྒྱ་ཡན་དུ་འགྲོ་བཞིན་ཡོད་ཟེར། མིག་སྔར་བསྟུད་མར་འབྱུང་བཞིན་པའི་ནགས་ཚལ་མེ་སྐྱོན་གྱིས་ས་དེའི་སྡོད་དམངས་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་ཏེ། མཁའ་འགྲུལ་ཀུང་ཟི་གསུམ་གྱི་གནམ་གྲུ་གཏོང་མཚམས་བཞག་ཡོད་ལ། མངའ་སྡེ་དེའི་མྱུར་བགྲོད་གཞུང་ལམ་བཀག་སྡོམ་བྱས་པ་དང་། སློབ་གྲྭའི་སློབ་ཁྲིད་མཚམས་བཞག་ཡོད། སྒོ་ཕྱུགས་མང་བོ་ཤི་བ་དང་ཞིང་ས་མང་བོ་མེར་འཚིག་ནས་མཁའ་དབུགས་ལ་སྦགས་བཙོག་ཆེན་པོ་བཟོས་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།