ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཆབ་སྲིད་ཅུའུ་ཡི་ཁོངས་མི་ལི་ཧྲི་ཁི་ཡིས་ཚེས25ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཟླ་བདུན་པར་འབྱོར་བའི་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་བཏོན་པའི་གྲོས་གཞི་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་རྨང་གཞིར་བྱས་པའི་འཁྲུག་རྩོད་མཚམས་འཇོག་པའི་ཇུས་གཞི་བརྩི་སྲུང་བྱེད་དགོས་པའི་རེ་བ་བཏོན།
གསལ་སྒྲོག་ལས་བཤད་རྒྱུར། ཧཱ་མཱ་སིའི་གྲོས་མོལ་འཐུས་ཚབ་ཚོགས་པ་དང་བར་འདུམ་མཁན་ཨེ་ཅིབ་དང་ཁཱ་ཐར་གྱིས་གྲོས་མོལ་བྱས་ཡོད་ལ། གྲོས་མོལ་གྱི་མཇུག་སྒྲིལ་རྗེས་ཚེས25ཉིན་གྱི་དགོང་མོར་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་དང་བྲལ་བ་རེད།
གསལ་སྒྲོག་ལས་བཤད་རྒྱུར། ཧཱ་མཱ་སི་ཡིས་ཅཱ་ཧྲ་མི་དམངས་ཀྱི་ཆེས་མཐོའི་ཁེ་ཕན་མངོན་འགྱུར་བྱེད་པ་དང་ཅཱ་ཧྲའི་མི་དམངས་ལ་དམིགས་པའི་བཙན་འཛུལ་བྱ་སྤྱོད་མཚམས་འཇོག་ཏུ་འཇུག་འདོད་ཡོད་ལ། ཟླ་བདུན་པར་འབྱོར་བའི་པེད་ཏིན་གྱིས་བཏོན་པའི་གྲོས་གཞི་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་རྨང་གཞིར་བྱས་པའི་འཁྲུག་རྩོད་མཚམས་འཇོག་པའི་ཇུས་གཞི་ལག་བསྟར་བྱེད་འདོད་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཧཱ་མཱ་སིའི་འཐུས་ཚབ་ཚོགས་པས་རང་གི་ལངས་ཕྱོགས་ནན་བཤད་བྱས་ཡོད་ལ། གྲོས་མཐུན་གང་ཡིན་ཡང་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པ་དང་ཅཱ་ཧྲ་ས་ཁུལ་ནས་དམག་དཔུང་ཚང་མ་ཕྱིར་འཐེན་བྱེད་པ། ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་དག་རང་དབང་སྒོས་ཕྱིར་རང་ཁྱིམ་དུ་ལོག་པ། ཅཱ་ཧྲ་ས་ཁུལ་བསྐྱར་འཛུགས་བྱེད་པ། བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་སོགས་ཀྱི་ནང་དོན་བཅས་ངེས་པར་དུ་འདུས་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།