ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས26ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་ཚེས24ཉིན་ཡུལ་དངོས་ནས་ཁྲའོ་ཞན་རྒྱལ་སྲུང་ཚན་རིག་གླིང་གི་མི་མེད་གནམ་གྲུའི་ཞིབ་འཇུག་ཁང་གིས་རྩ་འཛུགས་བྱས་པའི་མི་མེད་གནམ་གྲུའི་བྱེད་ནུས་ཚོད་ལྟ་བྱེད་པར་མཛུབ་སྟོན་བྱས།
བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཞིབ་འཇུག་ཁང་དེས་ཉེ་སྔོན་ཞིབ་འཇུག་གསར་སྤེལ་བྱས་པའི་མི་མེད་གནམ་གྲུར་རྒྱུས་ལོན་བྱས་པ་དང་། མི་མེད་གནམ་གྲུ་དེ་དག་གིས་ས་ངོས་དང་མཚོ་ཐོག་ནས་དགྲ་བོའི་དམིགས་འབེན་ལ་དཔུང་འཇུག་བྱེད་པའི་འགན་ཁུར་ཡོད་ལ། ཚོད་ལྟ་བྱེད་སྐབས་མི་མེད་གནམ་གྲུ་རིགས་མི་འདྲ་བ་དག་གཏན་འཁེལ་བྱས་པའི་འཕུར་སྐྱོད་ལམ་ཐིག་ལྟར་འཕུར་སྐྱོད་བྱས་པ་དང་། གསལ་འབྱེད་ཡང་དག་བྱས་པར་མ་ཟད་དམིགས་འབེན་ལ་ཕོག་ཡོད་ཟེར།
བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་བསྟན་དོན། རིགས་མི་འདྲ་བའི་མི་མེད་གནམ་གྲུ་ཞིབ་འཇུག་གསར་སྤེལ་བྱེད་པ་དང་རྒྱུན་ཆད་མེད་པར་དེའི་འཐབ་འཛིང་ནུས་པ་མཐོར་འདེགས་བྱེད་པ་ནི་འཐབ་འཁྲུག་ལ་གྲ་སྒྲིག་བྱེད་པའི་ཁག་གཙོ་བོ་ཞིག་ཡིན་ཟེར། ཁོས་མི་མེད་གནམ་གྲུའི་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད། འཐབ་འཁྲུག་སྟེང་བེད་སྤྱོད་བྱེད་པའི་ཚོད་ལྟའི་ཤུགས་ཚད་ཇེ་ཆེར་བཏང་སྟེ་མྱུར་མོར་མི་དམངས་དམག་དཔུང་ལ་སྒྲིག་སྦྱོར་བྱེད་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།