ཐན་ཙན་ནི་ཡཱ་སེང་གེ་པཱ་ཨར་ཙུང་ཐུང་གིས་ཀྲུང་གོའི་སྨན་བཅོས་རུ་ཁག་ལ་གཟེངས་བསྟོད་རྟགས་མ་བྱིན།
2024.08.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཐན་ཙན་ནི་ཡཱ་སེང་གེ་པཱ་ཨར་གྱི་ཙུང་ཐུང་མུའུ་ཝེ་ནེ་ཡིས་ཚེས26ཉིན་སེང་གེ་པཱ་ཨར་ཙུང་ཐུང་བཞུགས་ཤག་ནས་སྐབས་སོ་གསུམ་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་ལ་ཐུག་འཕྲད་བྱས་པ་དང་། རུ་མི་ཚང་མར་གཟེངས་བསྟོད་རྟགས་མ་དང་རྗེས་དྲན་དཔང་ཡིག་བྱིན་ནས། ཁོ་ཚོས་ཐན་ཙན་ནི་ཡཱའི་སྨན་བཅོས་འཕྲོད་བསྟེན་ལས་དོན་ཐད་བཞག་པའི་བྱས་རྗེས་ལ་གཟེངས་བསྟོད་བྱས།

མུའུ་ཝེ་ནེ་ཡིས་གཟེངས་བསྟོད་རྟགས་མ་སྟེར་བའི་མཛད་སྒོའི་སྟེང་འདས་པའི་ལོ་ངོ60རིང་ལ་ཀྲུང་གོའི་སྲིད་གཞུང་གིས་སེང་གེ་པཱ་ཨར་གྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་ཐད་ཕུལ་དུ་བྱུང་བའི་བྱས་རྗེས་བཞག་པར་བཀའ་དྲིན་ཞུས་པ་དང་། ཀྲུང་གོའི་སྨན་བཅོས་རུ་ཁག་གི་དཀའ་སྤྱད་ཀྱིས་བྱ་བ་བྱེད་པ་དང་སྒེར་སེམས་མེད་པར་ཡོད་ཚད་འབུལ་བའི་ཀུན་སྤྱོད་ལ་གཟེངས་བསྟོད་ཆེན་པོ་བྱས། ཁོས་བསྟན་དོན། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་ས་དེའི་ནད་པར་གསོ་བཅོས་བྱས་པར་མ་ཟད། རང་འགུལ་གྱིས་ས་དེའི་གསོ་རིག་སློབ་མ་དང་སྨན་པར་གསོ་སྦྱོང་བྱས་ཏེ། སེང་གེ་པཱ་ཨར་གྱི་གསོ་རིག་ལས་དོན་གྱི་འཕེལ་རྒྱས་ཐད་འཇོན་མི་གསོག་གྲབས་བྱས་ཡོད་ཟེར། མུའུ་ཝེ་ནེ་ཡིས་བསྟན་དོན། སྐབས་སོ་གསུམ་པའི་སྨན་བཅོས་རུ་ཁག་གིས་སེང་གེ་པཱ་ཨར་གྱི་ཁོག་པའི་བརྙན་མིག་ཅན་གྱི་རྨ་ཁ་ཆུང་བའི་གཤགས་བཅོས་ལག་རྩལ་གྱི་འཕེལ་རྒྱས་ཐད་སྤྱིར་བཏང་མིན་པའི་བྱས་རྗེས་བཞག་སྟེ། ས་དེའི་སྨན་པའི་ཁོག་པའི་བརྙན་མིག་ཅན་གྱི་རྨ་ཁ་ཆུང་བའི་གཤགས་བཅོས་ལག་རྩལ་དེ་མེད་པ་ནས་ཡོད་པའི་བར་མཆོང་བསྐྱོད་ཆེན་པོ་འབྱུང་དུ་བཅུག་ཡོད་ཟེར།

སྐབས་སོ་གསུམ་པའི་སེང་གེ་པཱ་ཨར་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་རུ་གཙོ་ཅང་གོ་ཆིན་གྱིས་བསྟན་དོན། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་མུ་མཐུད་དུ་སེང་གེ་པཱ་ཨར་དང་མཉམ་དུ་འཕྲོད་བསྟེན་མཉམ་ལས་དང་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ། ས་དེའི་མི་རྣམས་ལ་སྤུས་ལེགས་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཛའ་བརྩེའི་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། སྐབས་སོ་གསུམ་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་དེ་ན་ནིང་གི་ཟླ9བར་སེང་གེ་པཱ་ཨར་དུ་འབྱོར་བའི་ཚུན་ལ། རིམ་བརྩིས་ཀྱིས་ནད་བརྟག་བྱས་པའི་ནད་པ་མི་ཐེངས་ཁྲི་བཞི་ཙམ་ཡིན་པ་དང་། འོས་འགན་ནད་བརྟག་བྱ་འགུལ་ཆེན་མོ་ཐེངས20ལྷག་སྤེལ། སྨན་བཅོས་རུ་ཁག་གིས་མི་འགྱངས་པར་དུས་ཡུན་ལོ་ངོ་གཅིག་གི་རོགས་སྐྱོར་བྱ་བ་ཡོངས་འགྲུབ་བྱས་ནས་ཕྱིར་རྒྱལ་ནང་དུ་ལོག་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།