ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཕན་ཚུན་ལ་གཞི་རྒྱ་ཆེ་བའི་བར་སྣང་འཇབ་རྒོལ་བྱས།
2024.08.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཚེས26ཉིན་ཕན་ཚུན་ལ་གཞི་རྒྱ་ཆེ་བའི་བར་སྣང་འཇབ་རྒོལ་བྱས་པ་དང་། འཇབ་རྒོལ་ལས་ཝུའུ་ཁི་ལན་མངའ་ཁོངས་སུ་ཆུ་དང་གློག་ཆད་པ་དང་། ཨུ་རུ་སིའི་ས་ཁུལ་མང་བོའི་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས26ཉིན་སྤྱི་སྒྲོག་སྤེལ་ཏེ། མཁའ་སྲུང་དམག་དཔུང་གིས་ཨུ་རུ་སིའི་སཱ་ལཱ་ཐའོ་ཧྥུའུ་མངའ་སྡེ་དང་ཁུའུ་ཨར་སི་ཁི་མངའ་སྡེ། པེ་ཨར་ཀི་ལོ་ཏི་མངའ་སྡེ། པུའུ་ལིང་སི་ཁི་མངའ་སྡེ། ཐུའུ་ལཱ་མངའ་སྡེ། ཨོ་ལེའོ་ཨར་མངའ་སྡེ། ལིང་ཙན་མངའ་སྡེ། ཡཱ་ལོ་སི་ལཱ་ཧྥུའུ་ཨར་མངའ་སྡེ་བཅས་ཀྱི་བར་སྣང་ནས་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ22སར་འཕངས།

སཱ་ལཱ་ཐའོ་ཧྥུའུ་མངའ་སྡེའི་ས་གནས་འཕྲོད་བསྟེན་སྡེ་ཁག་གིས་བསྟན་དོན། ཉིན་དེར་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུས་མངའ་སྡེ་དེར་འཇབ་རྒོལ་བྱས་ཏེ་མི་བཞིར་རྨས་ཕོག་ཟེར། ཡཱ་ལོ་སི་ལཱ་ཧྥུའུ་ཨར་མངའ་སྡེའི་མགོ་བ་ཡེ་ཧྥུའུ་ལཱ་ཡེ་ཧྥུའུ་ཡིས་ཚེས26ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གི་མི་མེད་གནམ་གྲུས་མངའ་སྡེའི་རྡོ་སྣུམ་བཙོ་སྦྱངས་བཟོ་གྲྭ་ཞིག་ལ་འཇབ་རྒོལ་བྱེད་རྩིས་བྱས་ཟེར།

ཝུའུ་ཁི་ལན་གྱི་བདེན་ལུགས་ཚགས་པར་གྱིས་ཚེས26ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཉིན་དེར་མི་མེད་གནམ་གྲུ་མངག་ནས་ཨུ་རུ་སིའི་སཱ་ལཱ་ཐའོ་ཧྥུའུ་མངའ་སྡེའི་ཨིན་ཀི་སི་གྲོང་ཁྱེར་གྱི་ཨུ་རུ་སིའི་དམག་བཀོལ་གནམ་གྲུ་ཐང་ལ་འཇབ་རྒོལ་བྱས་ཟེར།

ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཚེས26ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཉིན་དེའི་ཞོགས་པར་ཝུའུ་ཁི་ལན་གྱི་ཅི་ཧྥུའུ་གྲོང་ཁྱེར་དང་ཅི་ཧྥུའུ་མངའ་སྡེ། ཧཱ་ཨར་ཁི་ཧྥུའུ་མངའ་སྡེ། སུའུ་མཱེ་མངའ་སྡེ། པའོ་ཨར་ཐཱ་ཝ་མངའ་སྡེ། ཝུན་ནེ་ཁྲ་མངའ་སྡེ། ཅི་ལོ་བོ་ཀི་ལེ་མངའ་སྡེ། ཏིས་ཉི་པའོ་ལོ་པིས་ཏི་ལོ་ཧྥུའུ་སི་ཁི་མངའ་སྡེ། དབྱེ་ཝན་ནོའུ་དང་ཧྥོ་ལན་ཁི་ཧྥུའུ་སི་ཁི་མངའ་སྡེ། ལེ་བོ་ཧྥུའུ་མངའ་སྡེ། ཨོ་ཏི་སཱ་མངའ་སྡེ་སོགས་སུ་ཨུ་རུ་སིའི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་ཏེ། ཝུའུ་ཁི་ལན་གྱི་ས་ཁུལ་མང་བོར་ཆུ་དང་གློག་ཆད་ཡོད་ཟེར།

ལེ་བོ་ཧྥུའུ་མངའ་སྡེའི་དམག་དོན་སྲིད་འཛིན་དཔོན་པོ་ཁི་ཅི་ཚི་ཅི་ཡིས་ཉིན་དེར་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེར་མངའ་སྡེ་དེའི་ནུས་ཁུངས་སྒྲིག་ཆས་ལ་འཇབ་རྒོལ་བྱས་པ་དང་། ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཉིན་དེའི་ཞོགས་པར་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་མཁའ་ཁོངས་ནས་ཐུའུ-95རྟགས་ཅན་གྱི་འཐབ་ཇུས་འགས་གཏོར་གནམ་གྲུ11མཐོང་ཡོད་ཟེར།

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས26ཉིན་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་བར་སྣང་འཇབ་རྒོལ་དེ་ལས་བཟོས་པའི་གྱོང་གུད་གནས་ཚུལ་ལ་བསྡོམས་རྩིས་བྱེད་བཞིན་ཡོད་པ་དང་། ཨུ་རུ་སིའི་བར་སྣང་འཇབ་རྒོལ་དེ་ཝུའུ་ཁི་ལན་གྱི་གནད་འགག་གི་དམངས་སྤྱོད་སྒྲིག་ཆས་ལ་དམིགས་པ་རེད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས26ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེར་གནད་འཁེལ་རྒྱང་བསྟེན་མཁའ་དམག་རྟེན་གཞི་དང་མཚོ་དམག་རྟེན་གཞིའི་མཚོན་ཆ་བཀོལ་ནས། ཝུའུ་ཁི་ལན་གྱི་དམག་དཔུང་གི་ཕྱོགས་བསྡུས་མཉམ་ལས་ཀྱི་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་ལ་གཞི་རྒྱ་ཆེ་བའི་ཆམ་ཕབ་བཏང་ཟེར།

ཨུ་རུ་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱོགས་ཀྱིས་ཉིན་དེར་ཨུ་རུ་སི་ཕྱོགས་ཉིན་དེའི་འཇབ་རྒོལ་དམིགས་འབེན་ལ་ཨོ་ཏི་སཱ་མངའ་སྡེའི་ནུས་ཁུངས་སྒྲིག་ཆས་དང་དབྱེ་ཝན་ནོའུ་དང་ཧྥོ་ལན་ཁི་ཧྥུའུ་སི་ཁི་མངའ་སྡེའི་འཐབ་འཛིང་གནམ་གྲུ་འཇོག་སའི་མཛོད་ཁང་སོགས་འདུས།


བསོད་ནམས་ཚེ་རིང་གིས་བསྒྱུར།