སུའུ་ཏན་ཤར་ཕྱོགས་ས་ཁུལ་ནས་ཆུ་རགས་ཆེན་མོ་ཞིག་ལ་རྡིབས་སྐྱོན་བྱུང་ནས་མི60རྐྱེན་ལམ་དུ་ཤོར།
2024.08.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

སུའུ་ཏན་ཤར་ཕྱོགས་ཀྱི་མཚོ་དམར་མངའ་སྡེའི་ཆུ་དོན་ཅུའུ་ཡི་ཅུའུ་ཀྲང་ཐཱ་ཞེ་ཨར་གྱིས་ཚེས26ཉིན་གསལ་སྒྲོག་སྤེལ་ཏེ། མངའ་སྡེ་དེའི་ཨར་པཱ་ཨ་ཐི་ཆུ་རགས་ཆེན་མོར་ཚེས25ཉིན་རྡིབས་སྐྱོན་བྱུང་སྟེ། མི60རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ཕྲག་འགའ་གར་སོང་རྙེད་མེད་ཟེར།

ཐཱ་ཞེ་ཨར་གྱིས་བཤད་རྒྱུར། མིག་སྔའི་ཁ་ཚ་དགོས་གཏུག་གི་གནད་དོན་ནི་ཆུ་ལོག་ཁྲོད་དུ་ཁེགས་པའི་མང་ཚོགས་སྐྱོབ་རྒྱུ་དེ་ཡིན་ལ། རྒུད་སྐྱོབ་མི་སྣས་རང་ནུས་ཅི་ལྕོགས་ཀྱིས་མང་ཚོགས་དག་བདེ་འཇགས་ས་ཁུལ་དུ་སྐྱེལ་བཞིན་ཡོད། དེ་ལས་གཞན་རགས་ཁ་ཤོར་ས་དང་ཉེ་འཁོར་ས་ཁུལ་གྱི་གནས་ཚུལ་ལ་མྱུར་དུ་རོགས་སྐྱོར་བྱེད་དགོས་པ་དང་། ཆུ་ལོག་ལ་གཡོལ་ཆེད་རི་མགོར་འགོས་པའི་མང་ཚོགས་མང་བོ་སྡིག་རྭ་དང་སྦྲུལ་གྱི་གནོད་པ་ཐེབས་པའི་ཉེན་ཁར་འཕྲད་ཡོད་ཟེར།

སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས25ཉིན་གྱི་དགོང་མོར་བཤད་རྒྱུར། སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའམ་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་པུའུ་ཨར་ཧན་གྱིས་ཉིན་དེའི་དགོང་མོར་ཆུ་རགས་ཡོད་སའི་གནས་སུ་རྟོག་ཞིབ་བྱེད་སྐབས་བསྟན་དོན། སྲིད་གཞུང་གི་སྡེ་ཁག་སོ་སོས་ཤུགས་ཆེན་པོས་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོར་བྱེད་དགོས་ཟེར།

ཨར་པཱ་ཨ་ཐི་ཆུ་རགས་ཆེན་མོ་དེ་མཚོ་དམར་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་སུའུ་ཏན་གྲུ་ཁའི་བྱང་ངོས་ཀྱི་སྤྱི་ལེ20མཚམས་སུ་ཡོད་པ་དང་། སུའུ་ཏན་གྲུ་ཁའི་ཚྭ་མེད་ཆུའི་ཐོན་ཁུངས་གཙོ་བོ་ཞིག་ཡིན། བསྟུད་མར་ཉིན་འགའི་རིང་ཆར་བ་དྲག་པོ་བབས་པ་ལས་ཆུ་རགས་དེར་ཚེས24ཉིན་གྱི་དགོང་མོར་རྡིབས་སྐྱོན་ཅུང་ཙམ་བྱུང་བ་དང་། ཚེས25ཉིན་ཡོངས་སུ་རྡིབས་པ་རེད།

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨར་པཱ་ཨ་ཐི་ཆུ་རགས་ཆེན་མོ་རྡིབས་པ་ལས་བྱུང་བའི་ཆུ་ལོག་གིས་ཉུང་མཐར་ཡང་ཉེ་འཁོར་གྱི་སྡེ་བ5བསྣུབས་པ་དང་། སྡེ་བ་ཆུས་བསྣུབས་པའི་དབང་གིས་ཆུ་ལོག་ལས་བྱུང་བའི་འདམ་སྙིགས་ཀྱིས་ཡོངས་སུ་ཁེབས་ཡོད་པས། རྒུད་སྐྱོབ་བྱ་བར་དཀའ་ཁག་ཆེན་པོ་བཟོས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།