ཕཱ་ཁི་སི་ཐན་གྱི་པུས་ལུའུ་ཀྲི་ཞིང་ཆེན་ནས་མི70ལྷག་འཇིགས་སྐུལ་དོན་རྐྱེན་ལས་རྐྱེན་ལམ་དུ་ཤོར།
2024.08.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཕཱ་ཁི་སི་ཐན་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་ནས་ཚེས26ཉིན་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐེངས་མང་བྱུང་སྟེ། ཉུང་མཐར་ཡང་མི་སེར་དཀྱུས་མ་དང་བདེ་འཇགས་མི་སྣ་འདུས་པའི་མི53རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་དྲག་ཆས་ཉེས་ཅན21བསད་ཡོད་ཟེར།

ཕཱ་ཁི་སི་ཐན་གྱི་དམག་གསུམ་གསར་འགྱུར་ཅུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས། འཇིགས་སྐུལ་ཉེས་ཅན་གྱིས་དགྲར་འཛིན་སྟོབས་ཤུགས་ཀྱི་ཁྲིད་སྟོན་འོག ཚེས25ཉིན་གྱི་ནམ་གུང་ནས་བཟུང་ཞིང་ཆེན་དེར་ཞི་བདེའི་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་གཏོར་བརླག་གཏོང་རྩིས་བྱེད་པའི་འཇབ་རྒོལ་དོན་རྐྱེན་བཟོས་ཏེ། ཉེས་མེད་ཀྱི་མི་སེར་དཀྱུས་མ་མང་བོ་དམར་གསོད་བཏང་ཡོད་ཟེར། ཕཱ་ཁི་སི་ཐན་བདེ་འཇགས་དམག་དཔུང་དང་ཁྲིམས་བསྟར་ལས་ཁུངས་ཀྱི་མི་སྣས་གཙང་ཕྱགས་དང་ཕྱིར་རྒོལ་བྱེད་པའི་འགུལ་སྐྱོད་ཁྲོད་དུ་དྲག་ཆས་ཉེས་ཅན21བསད་པ་དང་། ཕཱ་ཁི་སི་ཐན་གྱི་བདེ་འཇགས་མི་སྣ་འགུལ་སྐྱོད་སྤེལ་སྐབས་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ས་དེའི་དཔོན་རིགས་ཀྱིས་གསར་འགོད་པར་བཤད་རྒྱུར། དྲག་ཆས་ཉེས་ཅན་གྱིས་པུས་ལུའུ་ཀྲི་ཞིང་ཆེན་གྱི་འགྲིམ་འགྲུལ་དང་སྨན་བཅོས་སྒྲིག་ཆས་མང་བོར་གཏོར་བརླག་བཏང་བར་མ་ཟད་དམག་དཔུང་གི་ཉེན་ཟོན་ལས་ཁུངས་ལ་དཔུང་འཇུག་བྱས་པ་རེད་ཟེར།

འཇིགས་སྐུལ་རྩ་འཛུགས་པུས་ལུའུ་ཀྲིའི་བཅིངས་འགྲོལ་དྲག་ཆས་པས་གོང་སྨྲས་ཀྱི་འཇབ་རྒོལ་དོན་རྐྱེན་དེ་ལག་བསྟར་བྱས་པ་ཁྱབ་བསྒྲགས་བྱས། བསྒྲགས་པའི་གནས་ཚུལ་ལྟར་ན། དེ་ནི་རྩ་འཛུགས་དེས་ད་ལོའི་ཚུན་ལ་སྤེལ་བའི་གཞི་རྒྱ་ཆེས་ཆེ་བའི་འཇབ་རྒོལ་དོན་རྐྱེན་ཞིག་རེད།

ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས། འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། འབྲེལ་ཡོད་སྡེ་ཁག་གིས་མྱུར་མོར་འགུལ་སྐྱོད་སྤེལ་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་པའི་མཛུབ་སྟོན་གནང་།


བསོད་ནམས་ཚེ་རིང་གིས་བསྒྱུར།