ཀྲུང་གོ་དང་ཨ་མེ་རི་ཁས་པེ་ཅིང་དུ་རེས་སྐོར་གསར་པའི་འཐབ་ཇུས་འབྲེལ་གཏུག་བྱེད་འགོ་བརྩམས།
2024.08.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ8པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱི་ཡིས་པེ་ཅིང་དུ། ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཧྲ་ལིས་ཝུན་དང་མཉམ་དུ། རེས་སྐོར་གསར་པའི་འཐབ་ཇུས་འབྲེལ་གཏུག་བྱེད་འགོ་བརྩམས།

ཝང་དབྱི་ཡིས་ལས་རོགས་པ་ཧྲ་ལི་ཝུན་ཀྲུང་གོར་ཐོག་དང་པོར་འཚམས་འདྲིར་ཡོང་ནས། ཀྲུང་གོ་རུ་ཀྲུང་གོ་དང་ཨ་མེ་རི་ཁའི་འཐབ་ཇུས་འབྲེལ་གཏུག་བྱས་པར་དགའ་བསུ་ཞུས་ནས་བཤད་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་དང་འབྲེལ་བ་ཡོད་ཅིང་འཛམ་གླིང་ལའང་ཤུགས་རྐྱེན་ངེས་ཅན་ཡོད། འདས་ཟིན་པའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀའི་འབྲེལ་བར་འགལ་རྐྱེན་སྣ་ཚོགས་ཀྱིས་ཁེངས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པའེ་ཏིན་གྱི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། ང་ཚོ་མཉམ་དུ་ཡང་བསྐྱར་པ་ལིས་གླིང་ཕྲན་དང་ཅིའུ་ཅིན་ཧྲན་གྱི་འཐབ་ཇུས་སྟེང་བསྐྱོད་ཐུབ་པ་བྱུང་ལ། འཐབ་ཇུས་དེའི་ནང་གི་ཉམས་མྱོང་ལ་ཕྱོགས་སྡོམ་བྱེད་རིན་ཆེན་པོ་ཡོད་པ་དང་བསླབ་བྱ་བསྡུ་ལེན་བྱེད་དགོས། ཆེས་གནད་འགག་ནི་རྒྱལ་ཁབ་གཉིས་ཀས་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་ཁ་ཕྱོགས་ཆེན་པོ་གཏན་འཁེལ་བྱ་རྒྱུ་དེ་ཡིན་ཞེས་བསྟན།

ཝང་དབྱི་ཡིས་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཨ་མེ་རི་ཁའི་ཅིའུ་ཅིན་ཧྲན་དུ་མཇལ་འཕྲད་གནང་བ་ལས་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་རྒྱུ་ནི། ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀའི་ཐུན་མོང་གི་འགན་འཁྲི་ཡིན་ལ། ད་ཐེངས་ཀྱི་འཐབ་ཇུས་འབྲེལ་གཏུག་གི་ལས་འགན་གཙོ་བོའང་ཡིན། ཕྱོགས་གཉིས་ཀས་མ་འོངས་པའི་ཉིན་གཉིས་ཀྱི་ནང་དུ་དེའི་ཐད་འབྲེལ་གཏུག་གཏིང་ཟབ་བྱ་རྒྱུའི་རེ་ལྟོས་ཡོད། ད་ཐེངས་ཀྱི་འབྲེལ་གཏུག་འདི་ཡང་སྔར་བཞིན་འཐབ་ཇུས་རང་བཞིན་དང་ངོ་བོའི་རང་བཞིན་ལྡན་པ་ཞིག་ཏུ་འགྱུར་བར་བརྩོན་རྒྱུ་དང་། དུས་མཚུངས་སུ། སྔར་ལས་དགེ་མཚན་ལྡན་པར་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ“ཅིའུ་ཅིན་ཧྲན་གྱི་འདུན་མའི”ཕྱོགས་སུ་འགལ་རྐྱེན་ཁྱད་སེལ་དང་འགོག་རྐྱེན་ཅི་རིགས་སེལ་ནས་བསྐྱོད་གང་ཐུབ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་བརླིང་དང་བདེ་ཐང་། རྒྱུན་མཐུད་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན།

ཧྲ་ལིས་ཝུན་གྱིས་འདི་ནི་ང་རང་ཉིད་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཡིན་པའི་ངོས་ནས་ཀྲུང་གོར་འཚམས་འདྲི་བྱེད་ཐེངས་ཐོག་མ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བཀོད་སྒྲིག་འཐུས་ཚང་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཙུང་ཐུང་པའེ་ཏིན་གྱིས་འགན་འཁུར་བའི་སྒོ་ནས་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བར་དོ་དམ་བྱ་རྒྱུར་རྩེ་གཅིག་ཏུ་གཞོལ་ཏེ། འགྲན་རྩོད་དེ་གདོང་ཐུག་ཏུ་མི་འགྱུར་བར་བྱེད་པ་དང་། ཐུན་མོང་གི་ཁེ་ཕན་ལྡན་པའི་ཁྱབ་ཁོངས་སུ་མཉམ་ལས་ཀྱང་བྱེད་ཀྱིན་ཡོད། ད་ཐེངས་ཀྱི་འཐབ་ཇུས་འབྲེལ་གཏུག་འདི་བརྒྱུད་དེ། ཀྲུང་གོ་ཕྱོགས་དང་རྒྱ་ཁྱབ་ཀྱི་གྲོས་གཞིའི་ཐད་ནས་ཕན་འབྲས་ལྡན་པའི་གྲོས་མོལ་བྱས་ནས། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱ་རྒྱུའི་རེ་ལྟོས་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།