ལི་པི་ཡའི་ཤར་རྒྱུད་སྲིད་གཞུང་གིས་ཚོད་འཛིན་བྱེད་པའི་སྣུམ་ཞིང་དང་གྲུ་ཁ་ཚང་མའི་སྒོ་བརྒྱབ།
2024.08.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཚེས26ཉིན། ལི་པི་ཡའི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱིས་བསྐོ་འཇོག་བྱས་པའི་སྲིད་གཞུང་གི་ཙུང་ལི་ཝུའུ་སཱ་མཱ·ཧ་མ་ཏིས་དེའི་སྲིད་གཞུང་གི་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་གསལ་བསྒྲགས་སྤེལ་ཏེ། སྲིད་གཞུང་དེའི་ཚོད་འཛིན་བྱེད་པའི་སྣུམ་ཞིང་དང་གྲུ་ཁ་ཚང་མ་རྐྱེན་ངན་ལ་འཕྲད་ཡོད་པས། རྡོ་སྣུམ་ཐོན་སྐྱེད་དང་ཕྱིར་གཏོང་བྱེད་པ་གནས་སྐབས་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས།

ཐག་གཅོད་འདི་ནི་ནུབ་རྒྱུད་ཚོད་འཛིན་བྱེད་པའི་ལི་པི་ཡའི་ཙུང་ཐུང་ཨུ་ཡོན་ལྷན་ཁང་གིས་ལི་པི་ཡའི་ཀྲུང་དབྱང་དངུལ་ཁང་གི་འགོ་བ་བརྗེ་སྤོར་བྱེད་རྒྱུ་ཁྱབ་བསྒྲགས་བྱས་རྗེས་ཐག་བཅད་པ་རེད།

ལི་པི་ཡའི་ཀྲུང་དབྱང་དངུལ་ཁང་གིས་ལི་པི་ཡའི་ཕྱི་དངུལ་གྲབས་གསོག་དང་ནོར་སྲིད་ཀྱི་ཡོང་ཁུངས་གཙོ་བོ་སྟེ་རྡོ་སྣུམ་ཡོང་འབབ་དོ་དམ་བྱེད་པའི་འགན་འཁུར་ཡོད།     ཟླ་འདིའི་ཚེས12ཉིན། ལི་པི་ཡའི་ཙུང་ཐུང་ཨུ་ཡོན་ལྷན་ཁང་གིས་གསལ་བསྒྲགས་སྤེལ་ནས་ཀྲུང་དབྱང་དངུལ་ཁང་གི་འགོ་གཙོ་གསར་པ་ཞིག་བསྐོ་འཇོག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་མོད།    འོན་ཀྱང་གཏན་འབེབས་དེར་རྒྱལ་དམངས་འཐུས་མི་ཚོགས་ཆེན་གྱིས་ངོ་རྒོལ་བྱས་ཤིང་། དེ་ཙུང་ཐུང་ཨུ་ཡོན་ལྷན་ཁང་གི་འགན་འཁྲིའི་དབང་ཚད་ཀྱི་ཁྱབ་ཁོངས་ལས་བརྒལ་ཡོད་ཟེར།

ཧ་མ་ཏིས་གསལ་བསྒྲགས་ནང་ཙུང་ཐུང་ཨུ་ཡོན་ལྷན་ཁང་གིས་ལི་པི་ཡའི་ཆེས་གལ་ཆེ་བའི་དངུལ་རྩའི་ལས་ཁུངས་ལ་ཚོད་འཛིན་བྱེད་འདོད་པར་སྐྱོན་འཛུགས་བྱས།     ཧ་མ་ཏིས་བཤད་རྒྱུར། ཙུང་ཐུང་ཨུ་ཡོན་ལྷན་ཁང་གི་ཐག་གཅོད་དེས་ལི་པི་ཡའི་དངུལ་རྩའི་ཉོ་ཚོང་མཚམས་ཆད་དུ་བཅུག་ནས། མཇུག་མཐར་དཔལ་འབྱོར་ཉམས་རྒུད་དུ་འགྱུར་ངེས་རེད་ཟེར།

2011ལོར་ཁ་ཀྲ་ཧྥེའི་སྲིད་དབང་མགོ་རྟིང་བསློགས་རྗེས་ལི་པི་ཡ་ཟང་ཟིང་གི་གནས་སུ་ལྷུང་།  མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁས་ལེན་ཐོབ་པའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་དེར་རྒྱབ་སྐྱོར་བྱེད་པའི་དྲག་ཆས་སྟོབས་ཤུགས་དང་མཉམ་དུ་ནུབ་རྒྱུད་ཀྱི་ས་ཁུལ་ཁ་ཤས་ཚོད་འཛིན་བྱས་ཤིང་།   རྒྱལ་དམངས་འཐུས་མི་ཚོགས་ཆེན་གྱིས“རྒྱལ་དམངས་དམག”དང་མནའ་འབྲེལ་བྱས་ནས་ཤར་རྒྱུད་དང་ལྷོ་རྒྱུད་ཀྱི་ས་ཁུལ་མང་ཆེ་བ་ཚོད་འཛིན་བྱས།

རྡོ་སྣུམ་ནི་ལི་པི་ཡའི་རྒྱལ་ཁབ་བསྐྱར་འཛུགས་དང་དམངས་ཚིས་ལེགས་བཅོས་བྱེད་པའི་ཡོང་འབབ་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་ལ།     ལོ་མང་པོའི་རིང་རྒྱུན་མཐུད་ཀྱི་དམག་འཁྲུག་དང་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བ་ལས་ལི་པི་ཡ་རྒྱལ་ཁབ་ཀྱིས་རྡོ་སྣུམ་ཐོན་སྐྱེད་དང་ཕྱིར་གཏོང་བྱེད་པར་ཤུགས་རྐྱེན་ཚབས་ཆེན་ཐེབས།