ཝེ་ནེ་ཙུའེ་ལའི་ཙུང་ཐུང་གིས་ནེ་ཀི་བཅོས་སྒྲིག་བྱ་རྒྱུ་ཁྱབ་སྒྲོག་བྱས།
2024.08.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཚེས་ཉེར་བདུན་ཉིན་ནེ་ཀི་བཅོས་སྒྲིག་བྱ་རྒྱུ་ཁྱབ་སྒྲོག་བྱས་པ་དང་། དེའི་ནང་དུ་རྡོ་སྣུམ་པུའུ་ཀྲང་དང་། རྒྱལ་ཁབ་བཟོ་ལས་དང་ཐོན་སྐྱེད་པུའུ་ཀྲང་སོགས་པུའུ་ཀྲང་བཅུ་དྲུག་གི་ལས་གནས་ལ་འགྱུར་ལྡོག་བྱུང་ཡོད།

མཱ་ཏུའུ་ལོ་ཡིས་རྒྱལ་ཁབ་བརྙན་འཕྲིན་ཁང་བརྒྱུད་དེ་ཁྱབ་སྒྲོག་བྱས་པ་ལྟར་ན། རྒྱལ་ཁབ་ལ་མཁོ་བའི་བཅོས་སྒྱུར་ལ་ཤུགས་སྣོན་ཆེད། སྲིད་གཞུང་གི་པུའུ་ཀྲང་ཕྱེད་ཀ་ཙམ་གྱི་ལས་གནས་ལེགས་སྒྲིག་བྱས། དེའི་ཁྲོད་དུ་སྔོན་ཆད་ཀྱི་ཙུང་ཐུང་གཞོན་པའི་ཞོར་དུ་དཔལ་འབྱོར་དང་ནོར་སྲིད། ཕྱི་ཕྱོགས་ཉོ་ཚོང་གི་འགན་འཁུར་བའི་ལོ་ཏི་ལིས་ཀི་སི་ཡིས་ཙུང་ཐུང་གཞོན་པ་དང་རྡོ་སྣུམ་པུའུ་ཀྲང་གི་འགན་གཅིག་ལྕོགས་ཀྱིས་བཞེས་པ་དང་། སྔོན་ཆད་ཀྱི་རྡོ་སྣུམ་པུའུ་ཀྲང་ཐི་ལེ་ཆེ་ཡ་ཡིས་རྒྱལ་ཁབ་བཟོ་ལས་དང་ཐོན་སྐྱེད་པུའུ་ཀྲང་ལ་བསྐོས་ཟེར།

གཞན་ཡང་། མཱ་ཏུའུ་ལོ་ཡིས་ད་དུང་ཨའེ་ཁི་ཐའོ་ཨར·ཨའོ་ཧྥུའུ་ལེ་ཀུང་ཝེ་ནེ་ཙུའེ་ལའི་རྡོ་སྣུམ་ཀུང་སིའི་འགོ་བར་བསྐོ་འཇོག་བྱ་རྒྱུ་ཁྱབ་སྒྲོག་བྱས།

ཟླ7ཚེས28ཉིན་ཝེ་ནེ་ཙུའེ་ལ་ཡིས་ཙུང་ཐུང་འདེམས་བསྐོ་བྱས་པ་དང་། ཝེ་ནེ་ཙུའེ་ལ་རྒྱལ་ཁབ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཕྱི་ཉིན་ཐོ་རེངས་ཀྱི་སྐབས་སུ་མཱ་ཏུའུ་ལོ་ལ་རྒྱལ་ཁ་ཐོབ་པ་ཁྱབ་སྒྲོག་བྱས། ཟླ8པའི་ཚེས22ཉིན་ཝེ་ནེ་ཙུའེ་ལའི་ཆེས་མཐོ་ཁྲིམས་ཁང་གིས་མཱ་ཏུའུ་ལོ་ལ་ཐེངས་འདིའི་ཙུང་ཐུང་འདེམས་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་ཁས་ལེན་བྱས།

ཚེ་རིང་སྒྲོལ་མས་བསྒྱུར།